ཀྲུང་དབྱང་མཛུབ་སྟོན་ཚན་ཁག་བཅུ་བཞི་པའི་མཛུབ་སྟོན་འོག་ཏུ། མཚོ་སྔོན་གྱིས་བརྗོད་དོན་སློབ་གསོ་མྱུར་ཞིང་བཟང་ལ་ཏན་ཏིག་གིས་སྤེལ་མགོ་བརྩམས།
ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྗོད་དོན་སློབ་གསོ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་གོ་བ་བླངས་པ་དང་། བརྗོད་དོན་སློབ་གསོ་དངོས་སུ་བཟང་བོར་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཇུས་འགོད་བྱས་ལ། བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་བཤེར་དང་ཞིབ་འཇུག་ཇུས་འགོད། སྒྲིག་གཞི་སྒྲིག་འཛུགས་སོགས་གྲ་སྒྲིག་བྱ་བ་སྣ་ཚོགས་མྱུར་མོར་སྤེལ་ནས། མགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་ཆེད་བྱ་བ་མང་པོ་བསྒྲུབས།
ཏང་ཀྲུང་དབྱང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། ཞིང་ཆེན་ཏང་ཨུས་སྔ་གཞུག་ཏུ་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་བསམ་འཆར་སློབ་སྦྱོང་བྱེད་པར་རྩ་འཛུགས་ནན་མོ་བྱས་པ་དང་། བརྗོད་དོན་སློབ་གསོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཞིབ་འཇུག་བྱས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་མཚོན་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ནས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་སྒོས་བྱེད་ཐབས་གཙོ་བོ་བཅུ་གཉིས་བཏོན་ཏེ། བརྗོད་དོན་སློབ་གསོའི་དུས་ཚོད་དང་འཆར་གཞི། ལས་འགན་བཅས་གཏན་ཁེལ་གསལ་བོ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མིག་དཔེ་བསྟན་ནས། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོ་བཏོན་ཏེ། སྣེ་ཁྲིད་ནས་རང་ངོས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ལ། སྔོན་ལ་སློབ་སྦྱོང་བྱས་པ་དང་སྔོན་ལ་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པར་མ་ཟད། མཚོ་སྔོན་གྱི་དོན་དངོས་དང་སྦྲེལ་ནས་ཕྱོགས་བཅུ་གཉིས་པའི་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་ཞིབ་ཕྲ་གཏན་ལ་ཕབ་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་རང་དཔེ་གཞན་སྟོན་བྱས་ཏེ་ལས་བགོས་ཁྱབ་ཁོངས་དང་ལས་བགོས་བྱ་བར་ཟུང་སྦྲེལ་བྱས་ནས། སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་གི་བརྗོད་གཞི་གཏན་འབེབས་བྱས།
བརྗོད་དོན་སློབ་གསོ་ནུས་པ་ལྡན་པ་དང་གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས8ཉིན། ཞིང་ཆེན་ཏང་ཨུས་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་དང་དེའི་གཞུང་སྒྲུབ་ཁང་བཙུགས་ཏེ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ་སོགས་ཆ་སྡེབས་རྐྱེན་སྲོལ་བཙུགས། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་མཛུབ་སྟོན་ཞིབ་མོའི་འོག་ཏུ། ད་ལྟ་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ཞིབ་བཤེར་དག་བཅོས་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས། འབྲེལ་ཡོད་ཇུས་གཞིར་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་བཞིན་ཡོད། ཟླ4པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས།
བརྗོད་དོན་སློབ་གསོ་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་ངོ་མ་ཐོབ་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཏང་ཨུས་ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་རྩ་དོན་རང་བཞིན་ཆེ་ལ། ཉམས་མྱོང་ཕུན་སུམ་ཚོགས་ཤིང་བྱ་བ་སྤོབས་པ་ཆེན་པོས་སྒྲུབ་ཕོད་པའི་ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་བྱ་བ་སྒྲུབ་མཁན་ལེགས་འདེམ་བྱས་ཏེ། ཚད་གཞི་མཐོན་པོས་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཁག་དགུ་བཙུགས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་ཟླ4པའི་ཚེས11ཉིན་སྐོར་སྐྱོད་མཛུབ་སྟོན་བྱ་བའི་གྲོས་ཚོགས་བསྡུས་ཏེ་སྐུལ་སློང་དང་བཀོད་སྒྲིག་བྱས། སྐོར་ཞིབ་མཛུབ་སྟོན་ཚན་ཁག་སོ་སོས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དུས་ལྟར་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རེ་བ་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་གཏུག་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་ཇུས་གཞི་ལ་ཞིབ་བཤེར་ནན་མོ་བྱས་ནས། མགོ་རྩོམ་སྐབས་ནས་བཟུང་བརྗོད་དོན་སློབ་གསོ་མ་བཅོས་མ་སྟོང་མ་ནོར་བ་བཅས་ཀྱི་སྒོ་ནས་སྤེལ་བར་ཁག་ཐེག་བྱས།
ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་འཚོགས་རྗེས། ཞིང་ཆེན་རིམ་པའི་ཚན་ཁག་ཆེན་པོ་བཞིས་ཚད་མཐོའི་མཐོང་ཆེན་དང་མྱུར་དུ་བཀོད་སྒྲིག་བྱས་ཏེ། ཚད་གཞི་མཐོན་པོ་དང་རེ་བ་ནན་མོ། སྔོན་ལ་སྒྲུབ་པ་དང་མིག་དཔེ་སྟོན་པ་བཅས་རྒྱུན་འཁྱོངས་སྒོས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་བདེ་བླག་ངང་མགོ་རྩོམ་པ་དང་ཟབ་ཅིང་རྣལ་མར་སྤེལ་བར་ཁྲིད་སྟོན་བྱས། རང་ཞིང་གི་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ནས། རྩ་འཛུགས་དང་བཀོད་སྒྲིག་ཞིབ་མོ་བྱས་ཤིང་། བརྗོད་དོན་སློབ་གསོ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་སྦྲེལ་ཞིང་། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་བྱ་བ་གཙོ་བོར་སྦྲེལ་ནས། བརྗོད་དོན་སློབ་གསོ་ཟབ་ཅིང་རྣལ་མར་སྤེལ་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་དོན་དངོས་ཕན་འབྲས་སུ་བསྒྱུར་བར་འབད་པ་བྱས། མིག་སྔར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་དང་། སྐོར་དང་པོའི་བརྗོད་དོན་སློབ་གསོར་ཞུགས་པའི་ལས་ཁུངས་གྱ་དགུ་བོ་ཚང་མས་བརྗོད་དོན་སློབ་གསོ་སྤེལ་མགོ་རྩོམ་པའི་ཚོགས་འདུ་བསྡུས་ཡོད།