ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ཝུ་ར་ཀུའེ་ཡི་གྲོས་ཁང་འོག་མའི་གྲོས་དཔོན་ཨན་ཏུའུ་ཧ་ཨར་ལ་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པར་བསྟོད་བསྔགས་བྱས་པ་ཡིན་ལ། ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་ལྷོད་མེད་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ལྟ་སྟངས་ཡང་དག་འཛིན་པ། ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བརྩི་འཇོག་བཅས་བྱེད་འདོད་ཡོད། གཉིས་ཕན་གཉིས་རྒྱལ་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ནང་གི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དགོས། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་དཔལ་དཔྱད་གཞིར་འཛིན་ཚད་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། མཐུན་སྦྱོར་གཞོགས་འདེགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཞེས་གསུངས།
ཀྲའོ་ལི་ཅི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝུ་ར་ཀུའེ་རྒྱལ་ཚོགས་བར་གྱི་མཛའ་མཐུན་སྲོལ་རྒྱུན་བཟང་བོ་མུ་མཐུད་རྒྱུན་འཛིན་བྱས་ནས། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་། དམངས་ཆེན་འཐུས་མི། གྲོས་མིའི་བར་བཅས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།
ཨན་ཏུའུ་ཧ་ཨར་གྱིས་ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་སྔར་ལས་གང་ལེགས་བྱས་ཏེ། མཉམ་དུ་ཡར་རྒྱས་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན།
བློ་བཟང་རྒྱལ་མཚན་གྲོས་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།