ཀྲའོ་ལི་ཅི་ཡིས་ཀ་པོན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 278

ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀ་པོན་གྱི་ཙུང་ཐུང་པང་ཀི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཀ་པོན་བར་གྱི་སྲོལ་རྒྱུན་མཛའ་མཐུན་དེ་རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་རྒན་རབས་པ་ཚོས་བཏོད་ཅིང་། དེ་ནི་བྲག་རྡོ་ལྟར་བརྟན་ལ་ལོ་རྒྱུས་རྒྱུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གི་ཐུན་མོང་གི་ཐུགས་ཁུར་དང་མཛུབ་སྟོན་འོག་ཏུ། ཕྱོགས་གཉིས་ཀའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀ་པོན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཀ་པོན་གྱི་ཁྲིམས་འཛུགས་སྒྲིག་གཞིས་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་དགོས་ཞེས་གསུངས། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་ངོ་སྤྲོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས། འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

པང་ཀི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཀ་པོན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་གཏོང་སྟངས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་ནས། དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། ཀ་པོན་ཕྱོགས་ཀྱིས་གྲོས་ཚོགས་ཀྱི་མཉམ་ལས་ཚུད་པའི་ཁྱབ་ཁོངས་སོ་སོའི་ཁྲོད་དུ་ཀྲུང་གོར་མཉམ་ལས་རྒྱ་ཆེན་པོ་བྱེད་རྩིས་ཡོད་ཅེས་བསྟན།

ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།