ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སི་ལོ་ཧྥ་ཁེའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁི་ལཱ་ཨར་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཧྥ་ཁེ་ཕྱོགས་དང་མཉམ་དུ་མཛའ་མཐུན་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པ། ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་གཟིགས་སྐྱོང་འོས་འཚམ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་འདོད་ཡོད། མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀའི་ཁེ་ཕན་གྱི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་རིམ་པ་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་རྒྱལ་ཁབ་གཉིས་ཀའི་མི་ཆོས་རིག་གནས་བརྗེ་རེས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས། ཧན་ཀྲིན་གྱིས་ད་དུང་སི་ལོ་ཧྥ་ཁེ་ཕྱོགས་ལ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
ཁི་ལཱ་ཨར་གྱིས་སི་ལོ་ཧྥ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་དང་རིག་གནས། དམངས་ཚིས། འགྲིམ་འགྲུལ་དངོས་ཟོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།