ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་འཚོགས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་ཐད་ལ་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། ད་ལོར་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་ཚུལ་སྤྱིར་བཏང་དུ་བརྟན་འཇགས་ཡིན་མོད། འོན་ཀྱང་ས་ཁུལ་ཁ་ཤས་ཀྱི་ལས་རིགས་ཁྱབ་ཁོངས་སུ་བདེ་འཇགས་དོན་རྐྱེན་བྱུང་དང་འབྱུང་བཞིན་ཡོད་པ་དང་། བདེ་འཇགས་ཐོན་སྐྱེད་གནས་བབ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ། བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་རྒྱུ་དེ་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་སྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་བཤེར་ཚད་ལེན་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་ཚད་མཐའི་བསམ་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ནུས་པ་ཇེ་ཆེར་གཏོང་བ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ནས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་དང་། ཉེན་ཁ་སྣ་ཚོགས་ལ་ཞིབ་བཤེར་ནན་མོ་བྱས་ནས། བློ་ཐག་རྦད་ཆོད་སྒོས་བདེ་འཇགས་དོན་རྐྱེན་འབྱུང་བར་གཏན་འགོག་བྱེད་དགོས།
གྲོས་ཚོགས་ནས་བསྟན་དོན། མེ་གསོད་བདེ་འཇགས་དམ་འཛིན་བྱས་ཏེ། ཚོང་ར་དང་རང་འདེམ་ཚོང་ཁང་། རིམ་མཐོའི་བཟོ་སྐྲུན། བཟོ་གྲྭའི་མཛོད་ཁང་། ལས་རྣམ་གསར་བའི་ཚོང་ར་སོགས་སུ་མེ་སྐྱོན་འབྱུང་བའི་ཉེན་ཁར་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་དགོས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དམ་འཛིན་བྱས་ཏེ། མི་དང་རླངས་འཁོར། གཞུང་ལམ། དོ་དམ་བཅས་ཕྱོགས་བཞིའི་འབུར་ཐོན་གནད་དོན་ཐག་གཅོད་པ་དང་། ཁྲིམས་སྐྱོང་ཞིབ་བཤེར་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས། འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་དགོས། བཟོ་སྐྲུན་ཨར་ལས་བདེ་འཇགས་དམ་འཛིན་བྱས་ཏེ། ལས་རིམ་གཙོ་བོའི་ལྟ་སྐུལ་དོ་དམ་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཨར་ལས་ཡུལ་དངོས་ཀྱི་དོ་དམ་ལ་ཤུགས་སྣོན་པ། ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་དགོས། གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་བདེ་འཇགས་དམ་འཛིན་བྱས་ཏེ། ལྗོངས་རྒྱུ་ཁུལ་གྱི་རོལ་རྩེད་སྒྲིག་ཆས་དང་བདེ་འཇགས་སྲུང་སྐྱོབ་སྒྲིག་ཆས་ལ་ཞིབ་བཤེར་དང་སྲུང་སྐྱོབ་འགན་སྲུང་སོགས་ཀྱི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་དགོས། རང་བྱུང་གནོད་འཚེ་བདེ་འཇགས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་འགོག་ཐན་སེལ་བྱ་བའི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་། ཆུ་བེད་སྒྲིག་ཆས་དང་ཆུ་མཛོད་སོགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཡོམ་འགོག་གནོད་སེལ་གྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས། སློབ་གསོ་དང་ཞིང་ལས། ཆུ་བེད། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། དམིགས་བསལ་སྒྲིག་ཆས་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཉེན་ཁར་ཞིབ་བཤེར་དང་བཅོས་སྐྱོང་བྱ་བ་དམ་འཛིན་བྱས་ཏེ། ཁྲིམས་འགལ་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་མཐོ་གནོན་ཚུལ་རྣམ་སྲུང་འཛིན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།
གྲོས་ཚོགས་ནས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཀླད་པ་གསལ་བོ་བྱེད་པ་སྲུང་འཛིན་བྱས་ཏེ། བདེ་འཇགས་འགན་འཁྲི་དང་ལེན་བྱེད་པ་དང་། ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ། ལྟ་སྐུལ་དོ་དམ་དང་ཁྲིམས་སྐྱོང་བྱ་བ་བཟང་བོར་སྒྲུབ་པ། ལྟ་སྐུལ་མཛུབ་སྟོན་དང་འགན་འདྲི་ལ་གཟབ་ནན་བྱེད་པ། འཕྲལ་བསྟུན་གྲ་སྒྲིག་ནུས་པ་ཇེ་ཆེར་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།