ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་སྲིད་གཞུང་གིས་ཡོམ་འགོག་གནོད་སེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། 2022ལོའི་ཡོམ་འགོག་གནོད་སེལ་བྱ་བར་སྤྱི་སྡོམ་དང་མིག་སྔའི་ཞིང་ཆེན་ཡོངས་ཀྱི་ས་ཡོམ་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། 2023ལོའི་ཡོམ་འགོག་གནོད་སེལ་གྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། 2022ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སེལ་གནོད་སྐྱོབ་དང་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གནོད་སེལ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡོམ་འགོག་གནོད་སེལ་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་བཏང་བ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་བ། ས་ཡོམ་གྱི་གནོད་འཚེའི་ཉེན་ཁ་སྔོན་འགོག་བྱེད་ནུས་ཆེ་རུ་ཕྱིན་པ། ཡོམ་འགོག་གནོད་སེལ་གྱི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་བཏང་སྟེ་གནས་བབ་གསལ་རྟོགས་དང་འགན་འཁྲི་བརྟན་པོ་འཁུར་བ་དང་། ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་འགན་འཁུར། སྤྱི་ཚོགས་ཀྱི་མཉམ་རོགས། སྤྱི་དམངས་ཐེ་ཞུགས། ཁྲིམས་སྐྱོང་འགན་སྲུང་། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་ས་ཡོམ་གནོད་འཚེའི་ཉེན་ཁ་འགོག་བཅོས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་བྱ་བ་སོ་སོའི་ལས་འགན་ཁག་ཏན་ཏིག་ངང་དོན་འཁྱོལ་བྱེད་དགོས། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ནུས་པ་མགྱོགས་མྱུར་ངང་ཆེ་རུ་གཏོང་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་རེས་དོན་འཁྱོལ་བྱེད་པ། ས་ཡོམ་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་ཁ་གཏད་གཅོག་པའི་གྲ་སྒྲིག་བྱ་བ་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། བྱེད་ཐབས་སྣ་མང་སྤྱད་དེ་ཡོམ་འགོག་གནོད་སེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་ཡོམ་འགོག་གནོད་སེལ་གྱི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། རྨ་སྟོད་དང་མུན་ཡོན་རྫོང་གི་ས་ཡོམ་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མཇུག་བསྡུའི་བྱ་བར་སྐུལ་འདེད་མགྱོགས་པོ་བཏང་ནས་གནོད་ཁུལ་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།
ཤ་བོ་གསེར་མཚོ།