ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས། 《གནས་བབ་གསར་པའི་འོག་ཏུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ་དེ་འབྲེལ་གྱི་བརྡ་ཐོ་བཏང་སྟེ། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།
《བསམ་འཆར》ནང་བཏོན་པའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། “སྔོན་འགོག་གཙོ་བོར་བྱེད་པ་དང་ཧུར་ཐག་ངང་མེ་གསོད་པ། ཚེ་སྲོག་མཆོག་ཏུ་བརྩི་བ། བདེ་འཇགས་ཨང་དང་པོར་བརྩི་བ”བཅས་ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མེ་འགོག་མེ་གསོད་གཞི་གཅིག་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། དཔུང་སྡེ་ཡི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། མེ་སྐྱོན་གྱི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་སྔོན་འགོག་དང་དུས་ལྟར་སེལ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།
《བསམ་འཆར》ནང་བཏོན་པའི་དམིགས་འབེན་གཙོ་བོ་ནི། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས། རང་རྒྱལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་གཙོ་གནད་དེ་འབྱུང་རྩ་ནས་དོ་དམ་ཚོད་འཛིན་ནན་མོ་ཐུབ་པར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་ཟོན་བྱེད་ཐུབ་པ། བཅོས་སྐྱོང་བྱེད་སྟངས་དེ་མཉམ་འགོག་མཉམ་བཅོས་ཀྱི་ཕྱོགས་སུ་འཕེལ་ཐུབ་པ། ཁྲིམས་ལྟར་དོ་དམ་ནན་མོ་བྱེད་པའི་ཕྱོགས་སུ་རྒྱ་སྐྱེད་གཏོང་ཐུབ་པ། རྨང་གཞིའི་འཛུགས་སྐྲུན་དེ་ཚན་རིག་དང་མཐུན་པའི་སྤྱི་འདོམས་འཆར་འགོད་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཕྱོགས་སུ་རྒྱ་སྐྱེད་གཏོང་ཐུབ་པ། མེ་སྐྱོན་སེལ་རྒྱུ་དེ་ཆུ་ལ་བརྟེན་ནས་མེ་གསོད་རྒྱུ་ཁྱབ་བརྡལ་དུ་གཏོང་བ་དང་ས་སྟོང་ལ་གཅིག་འདོམས་བྱེད་ཐུབ་པ། བདེ་འཇགས་འཛུགས་སྐྲུན་དེ་དུས་རྒྱུན་དུ་དམ་འཛིན་བྱས་ཏེ་གནད་འགག་གི་སྐབས་སུ་ནུས་པ་ཐོན་པར་བྱེད་པ། ནགས་ཚལ་མེ་སྐྱོན་གྱི་གནོད་འཚེ་ཐེངས་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་དགུའི་མན་དུ་ཚོད་འཛིན་ཐུབ་པར་བྱེད་པ་དང་། རྩྭ་ཐང་མེ་སྐྱོན་གྱི་གནོད་འཚེ་ཕོག་ཚད་བརྒྱ་ཆའི་གཉིས་ཀྱི་མན་དུ་ཚོད་འཛིན་ཐུབ་པར་བྱེད་པ། ཉིས་སྟོང་སུམ་ཅུ་ལོར་སླེབས་སྐབས། རང་རྒྱལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད་པ་དང་། དམངས་ཡོངས་ཀྱི་མེ་འགོག་མེ་ཟོན་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་རྒྱུན་མཐུད་ངང་ཇེ་དྲག་ཏུ་ཕྱིན་ཡོད་པ། ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་བཅས་མངོན་འགྱུར་བྱ་རྒྱུ་དེ་རེད།
《བསམ་འཆར》ནང་ཕྱོགས་དགུའི་ཐད་ནས་བླང་བྱ་གསལ་པོ་བཏོན་ཡོད་དེ། གཅིག་ནས་བྱ་བའི་འགན་འཁྲི་ཁ་གསལ་བཟོས་ནས་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་ངང་འཁུར་དགོས་པ་དང་། གཉིས་ནས་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་ཇེ་ལེགས་སུ་བཏང་ནས། རྩ་འཛུགས་དང་བཀོད་འདོམས་མ་ལག་སྔར་ལས་སྟོབས་ལྡན་དུ་གཏོང་བ། གསུམ་ནས་འབྱུང་རྩ་ནས་བཅོས་སྒྲིག་བྱས་ཏེ་མེ་སྐྱོན་གྱི་ཉེན་ཁ་སྔོན་འགོག་དང་དུས་ལྟར་སེལ་བ། བཞི་ནས་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དངོས་འཐབ་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་བ། ལྔ་ནས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུར་མཐོང་ཆེན་བྱས་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། དྲུག་ནས་ཚན་རྩལ་གྱི་ནུས་པ་འདོན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། གསར་གཏོད་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། བདུན་ནས་ཚད་མཐའི་བསམ་བློ་བརྟན་པོར་བཙུགས་ནས་འཕྲལ་སྡོམ་བཀོད་སྒྲིག་ནུས་པ་ཆེ་རུ་གཏོང་བ། བརྒྱད་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་མེ་བཅོས་ཆུ་ཚད་མཐོ་རུ་གཏོང་བ། དགུ་ནས་རྩ་འཛུགས་དང་ལག་བསྟར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས་པ་བཅས་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།