ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ལ་སྨྱུང་གྲོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་མཚོ་སྔོནཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླར་སྨྱུང་གྲོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། འཕྲིན་ཡིག་ནང་དུ་འདི་ལྟར་བསྟན་ཡོད།

ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ། སྨྱུང་གྲོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཁྱེད་ཚོར་དུས་ཆེན་གྱི་སྨོན་འདུན་དང་རྟེན་འབྲེལ་ཞུས་པ་ཡིན།

འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་ཞིང་། ཏང་གི་རྗེས་སུ་འབྲངས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་བཙུགས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་ཆེན་པོ་བཞག

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཧོས་རིགས་དང་ཟ་ལར་རིགས་སོགས་ཀྱི་སྤུན་ཟླ་ཚོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མཐུན་སྒྲིལ་འབད་བརྩོན་གྱི་དུས་རབས་ཀྱི་རེ་བ་དོན་འཁྱོལ་བྱེད་པ། བློ་སེམས་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྡུ་བ། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་སྟེང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

མཇུག་མཐར་སྤུན་ཟླ་ཚོས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་བ་དང་། འཚོ་བར་བདེ་སྐྱིད་ལྡན་ཞིང་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན།


རིན་ཆེན་མཚོས་བསྒྱུར།