མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་ནགས་ཚལ་གྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ།
2023.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཞི་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུ་ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་ནས་སྲིད་གྲོས་ཨུ་ཡོན་ནགས་ཚལ་གྱི་འོས་འགན་སྡོད་འཛུགས་བྱ་འགུལ་སྤེལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞི་ཡི་སྲིད་གྲོས་ཨུ་ཡོན་སྐོར་ཞིག་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་བྱང་རིའི་ཏ་ཏུན་ལིན་སྡོང་འཛུགས་བྱེད་ས་དང་ཁྲི་ཀ་རྫོང་སྐྱེ་ཁམས་ལྗང་སྒྱུར་སྤྱི་གླིང་སྡོང་འཛུགས་རྟེན་གཞི་རུ་སོང་ནས་འོས་འགན་སྡོང་འཛུགས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་དང་ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ་བཅས་སོ་སོར་བྱ་འགུལ་ལ་ཞུགས།

སྡོང་འཛུགས་ཡུལ་དངོས་སུ། ཟི་ལིང་ལྷོ་བྱང་རིའི་ལྗང་སྒྱུར་གནས་ཚུལ་དང་ཁྲི་ཀ་རྫོང་སྐྱེ་ཁམས་ལྗང་སྒྱུར་སྤྱི་གླིང་གི་ངོ་སྤྲོད་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་དང་ཨུ་ཡོན་ཚོས་ས་བརྐོས་ནས་སྡོང་ཕྲུག་བཙུགས་པ་དང་ཆུ་བཏང་ཞིང་། ངལ་རྩོལ་བྱེད་ཞོར་དུ་སྡོང་ཕྲུག་གི་རིགས་སྣ་དང་གསོན་ཚད་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས། ཚང་མས་མཉམ་དུ་འབད་བརྩོན་བྱས་ནས། སྐྱུ་རུ་རའི་སྡོང་ཕྲུག་དང་རྒྱ་ལྕང་། ལི་ཤིང་སོགས་སྡོང་ཕྲུག་མང་པོ་བཙུགས་ཏེ། སྲིད་གྲོས་ཨུ་ཡོན་ནགས་ཚལ་ལ་ལྗང་མདོག་གསར་བ་བསྣན།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྡོང་འཛུགས་ནགས་སྐྲུན་ནི་དེང་སྐབས་ལ་བྱས་རྗེས་འཇོག་པ་དང་མི་རབས་མང་པོར་ཕན་པའི་ལས་དོན་ཞིག་ཡིན། སྲིད་གྲོས་ཨུ་ཡོན་ནགས་ཚལ་མཉམ་འཛུགས་བྱེད་རྒྱུ་ནི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཡོངས་འོས་འགན་སྡོང་འཛུགས་བཟང་བོར་སྤེལ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་འགུལ་སྐྱོད་དངོས་ཡིན། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་རིགས་སྔར་ལས་མང་པོའི་མང་ཚོགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་པ། སྡོང་འཛུགས་དང་ལྗང་སྲུང་། ལྗང་གཅེས། ལྗང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་དར་སྲོལ་བཟང་བོ་ཆགས་པར་བྱེད་པ། རང་ཞིང་གི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།