ཟླ་བཞི་bའི་ཚེས་བཅོ་བརྒྱད་ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་རུ་རྫོང་རིམ་པའི་བཟོ་ཚོགས་ཀྱི་ཤུགས་སྣོན་ལོའི་ཆེད་དོན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཆེད་དོན་བྱ་བས་བརྗོད་དོན་སློབ་གསོ་དང་དམ་པོར་སྦྲེལ་ནས་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་གིས་སྤེལ་དགོས་པ་དང་། གཞི་རིམ་བཟོ་ཚོགས་ལས་བྱེད་པའི་སྤུས་ཚད་དང་བྱེད་ནུས་ཇེ་མཐོར་བཏང་སྟེ་རྒྱ་ཆེའི་འཐབ་ཕྱོགས་དང་པོའི་ལས་བྱེད་མང་ཚོགས་ལ་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས།
མཱ་ཅི་ཞའོ་སྔ་གཞུག་ཏུ་ཕེན་ཨན་ཆུའུ་སློབ་འབྲིང་གསུམ་པ་དང་ཕེན་ཨན་ཆུའུ་སན་ཧི་གྲོང་རྡལ་སོགས་སུ་སོང་ནས་ལས་བཟོ་བའི་ཁྱིམ་ཚང་དང་ལས་བཟོ་བའི་དཔེ་ཁང་སོགས་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། འཐབ་ཕྱོགས་དང་པོའི་ལས་བཟོ་བའི་བྱ་བ་དང་འཚོ་བའི་གནས་ཚུལ་འདྲི་ཞིབ་བྱས་པར་མ་ཟད། ཁོ་ཚོ་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་ལས་བཀུར་ལས་བརྩོན་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།
མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། གཞི་རིམ་བཟོ་ཚོགས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་བསྣན་ནས་ཁོ་ཚོའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གཞི་རིམ་བཟོ་ཚོགས་རྩ་འཛུགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གཞི་རིམ་བཟོ་ཚོགས་མ་ལག་དང་ལམ་ལུགས་སྒྲིག་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བྱ་བའི་སྟོབས་ཤུགས་ཆེ་རུ་གཏོང་བ། བྱ་བའི་བྱེད་ཐབས་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ། བྱེད་ནུས་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། འཐབ་ཕྱོགས་དང་པོའི་ལས་བྱེད་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དུས་ཐོག་ཏུ་ཐག་བཅད་དེ་ལས་བཟོ་བའི་ཞབས་ཞུའི་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ལས་བྱེད་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་འཛུགས་སྐྲུན་བྱེད་པ་དང་བཀོལ་སྐྱོད་བྱེད་པ་སོགས་ཀྱི་ཐད་ཤུགས་འདོན་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།