ཟླ་བཞི་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་སློབ་ཆེན་བཙུགས་ནས་ལོ་བརྒྱ་འཁོར་བར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས་པ་དང་། སློབ་གྲྭ་དེའི་དགེ་སློབ་དང་ལས་བཟོ་བ་ཡོངས། དེ་མིན་རྒྱ་ཆེའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་མཛད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུ། ལོ་ངོ་བརྒྱ་ཡི་རིང་ལ། ཡུན་ནན་སློབ་ཆེན་གྱིས་རྒྱལ་ཡོངས་སུ་ཁ་ཕྱོགས་པའི་སློབ་གཉེར་སྙིང་སྟོབས་རྒྱུན་འཛིན་བྱས་ནས། མེས་རྒྱལ་ལྷོ་ནུབ་ཀྱི་མཐའ་མཚམས་མི་རིགས་ས་ཁུལ་དུ་རྐང་ཚུགས་པར་བྱས་ཏེ། འཇོན་མི་ཕུལ་བྱུང་ཅན་འབོར་ཆེན་གསོ་སྐྱོང་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་དུ། ཡུན་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སློབ་གཉེར་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས། ཏང་གིས་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།