ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ། ཀྲུང་དབྱང་གི་སྐབས་ཉི་ཤུ་པའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ཞེ་ལྔ་འཁོར་བ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ལོ་བཅུ་འཁོར་བའི་ལོའང་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བར་བྱེད་པ་ལ། ཅིས་ཀྱང་ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩིས་ཏེ། ཁྱོན་ཡོངས་བརྟན་གཏོང་དང་འགྱུར་བབ་དང་བསྟུན་པ། མགོ་གསར་པ་རྩོམ་པ་བཅས་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། ཁ་ཕྱོགས་ནོར་མེད་དང་གཞུང་དྲང་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། སྐྱོད་ལམ་གསར་པའི་སྟེང་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་རྩོམ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ནས《ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་རང་བདག་གནས་བབ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དང་། 《རྒྱལ་དབང་དཔལ་འབྱོར་དོ་དམ་ལ་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པའི་སྐོར་གྱི་བསམ་འཆར》། 《ཀྲུང་དབྱང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》། 《ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་སྒྲིག་སྲོལ》། 《ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཆེད་དོན་ཚོན་ཆུང་གི་བྱ་བའི་སྒྲིག་སྲོལ》། 《ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་དོན་ཞིབ་སྲོལ》། 《ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་གཙོ་གནད》བཅས་སུ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོར་བརྟེན་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ་དང་དམིགས་འབེན་གྱི་སྣེ་སྟོན་རྒྱུན་འཁྱོངས་བྱས་པ། གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་ཡོང་བར་བྱས་པ། རྙོག་འཛིང་ཆེ་སར་སྐྱོད་ཕོད་པ་དང་དཀའ་ངག་ལ་གདོང་གཏོད་ཕོད་པ། ཉེན་ཁ་སེལ་ཐུབ་པ། འགལ་ཟླ་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་ཕོད་པ། ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་ཐུབ་པ་བཅས་བྱས་ནས། སྔར་ན་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་རྣམ་པ་གསར་རྐྱང་བཏོད་ཡོད། དུས་རབས་གསར་པའི་ལོ་ངོ་བཅུའི་རིང་ལ། ང་ཚོས་སྐུལ་འདེད་གཏོང་བཞིན་པའི་བཅོས་སྒྱུར་ལ་ཁྱོན་ཡོངས་དང་གཏིང་ཟབ་པ། རྩ་བའི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད། ལོ་རྒྱུས་རང་བཞིན་དང་གསར་བརྗེ་རང་བཞིན། གསར་གཏོད་རང་བཞིན་བཅས་ལྡན། འཛམ་གླིང་ཡོངས་ལ་མིག་རྒྱང་རིང་པོས་བལྟས་ན། རྒྱལ་ཁབ་དང་སྲིད་ཏང་གང་ཞིག་ཡིན་རུང་། ཆབ་སྲིད་ཀྱི་བློ་སྟོབས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདི་འདྲ་ཡོད་མཁན་མེད་ཅིང་། གྲི་དངོ་ནང་དུ་བསྐོར་ཏེ་རང་ངོས་གསར་བརྗེ་བྱེད་མཁན་དེ་བས་ཀྱང་མེད། དེ་མིན་ད་དུང་དུས་ཡུན་ཐུང་ཐུང་འདི་འདྲ་ཞིག་གི་ནང་དུ་ཁྱབ་ཁོངས་ཆེན་པོ་དང་གཞི་ཁྱོན་ཆེན་པོ། ཤུགས་ཚད་ཆེ་བ་བཅས་ཀྱི་སྒོ་ནས་བཅོས་སྒྱུར་ལ་སྐུལ་འདེད་འདི་འདྲ་གཏོང་ཐུབ་པའི་རྒྱལ་ཁབ་དང་སྲིད་ཏང་གཅིག་ཀྱང་མེད་པར་བརྟེན། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་མངོན་གསལ་དོད་པའི་དགེ་མཚོན་ཡིན།
སྐྱོད་ལམ་གསར་པའི་སྟེང་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བར་ཅིས་ཀྱང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། བཅོས་སྒྱུར་གྱི་ཁ་ཕྱོགས་འཕྱུགས་མེད་ཡོང་བར་བྱེད་པ་དང་དམིགས་འབེན་ལས་འགན་ཁ་གསལ་ཡོང་བར་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ་དང་གསར་གཏོད་ཀྱི་བློ་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ནན་མོ་བྱེད་དགོས། བཅོས་སྒྱུར་གྱི་ལས་འགན་གལ་ཆེན་གྱི་མཁྲེགས་གཏོར་དཀའ་སེལ་དམ་འཛིན་ཡག་པོ་བྱེད་པ་དང་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ། གཙོ་གནད་ལས་འགན་ལ་སྟངས་འཛིན་ནན་མོ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས་བཅོས་སྒྱུར་ལ་འཆར་འགོད་དང་སྐུལ་འདེད་གཏོང་བ། སྒྲིག་གཞི་བཅོས་སྒྱུར་དང་གསར་གཏོད་ཀྱི་མཐུན་རྐྱེན་གང་ལེགས་སྤྱོད་པ་བཅས་བྱས་ནས། ཕྱོགས་སོ་སོའི་སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་སེལ་བ་དང་གཏིང་ཟབ་པའི་ཁེ་ཕན་གྲུབ་སྟངས་ཁྲོད་ཀྱི་ལེགས་སྒྲིག་ཐད་དཀའ་གནད་ཅི་རིགས་སེལ་དགོས།
ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།