མཱ་ཅི་ཞའོ་ཡིས་མཚོ་སྔོན་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་རྟོག་ཞིབ་བྱས།
2023.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་མཚོ་སྔོན་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་བཟོ་ཚོགས་བྱ་བ་དང་ལས་བཟོ་བའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། མཱ་ཅི་ཞའོ་སོགས་ཀྱིས་སྔ་གཞུག་ཏུ་རྟེན་གཞིའི་ལས་བཟོ་བའི་དཔེ་ཁང་དང་། ལུས་རྩལ་ཚན་རྩལ་རིག་གནས་ཁང་། རྒྱལ་ཁབ་མཐོ་སྒང་སྦྱོང་བརྡར་གནད་སའི་ཚོད་ལྟ་ཁང་སོགས་སུ་ལྟ་སྐོར་བྱས་པ་དང་། རྟེན་གཞིའི་ལས་བཟོ་བ་དང་རྩལ་ཁྲིད་པ། ལུས་རྩལ་པ་བཅས་ལ་འཚམས་འདྲི་བྱས་ཏེ། རྟེན་གཞིའི་བཟོ་ཚོགས་བྱ་བ་དང་རྟེན་གཞིའི་འཛུགས་སྐྲུན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་བདེ་ཐང་སྐུལ་འདེད་ལྟེ་གནས་ཀྱི་འཆར་འགོད་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

མཱ་ཅི་ཞའོ་ཡིས་ལུས་རྩལ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་རྩལ་ཁྲིད་པ། ལུས་རྩལ་པ་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་དྲིལ་སྒྲོག་དང་སྣང་བརྙན་མངོན་པའི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ལུས་རྩལ་ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། ཟོལ་མེད་ཀྱིས་རྩལ་ཁྲིད་པ་དང་ལུས་རྩལ་པ། སྦྱོང་རོགས་པ། ལས་བཟོ་བ་ཡོངས་བཅས་ལ་སེམས་ཁུར་བྱེད་དགོས་པ་དང་། ཁྱད་པར་དུ་རྩལ་ཁྲིད་པ་དང་ལུས་རྩལ་པ། སྦྱོང་རོགས་པ་བཅས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་ནས་ངལ་གསོར་རྩ་འཛུགས་བྱེད་པ་དང་ཕུལ་བྱུང་དང་སྔོན་ཐོན་འདེམ་པ་སོགས་རྩ་འཛུགས་བྱེད་པའི་ཐད་ནས་ཕུལ་བྱུང་རྩལ་ཁྲིད་པ་དང་ལུས་རྩལ་པར་གཞོལ་དགོས་ཟེར། ལས་བཟོ་བའི་དཔེ་ཁང་འཛུགས་སྐྲུན་བྱེད་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྣ་མང་ཅན་གྱི་ཞབས་ཞུའི་གནས་ཡུལ་གསར་སྐྲུན་དང་། ལུས་རྩལ་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། རྩལ་ཁྲིད་པ། ལུས་རྩལ་པ། སྦྱོང་རོགས་པ་བཅས་ཀྱི་བསམ་བློའི་ཁྲིད་སྟོན་དང་ནུས་པའི་མཐོར་འདེགས་ལ་ཤུགས་སྣོན་བྱས་ཏེ། ལུས་རྩལ་ལས་དོན་གྱི་འཇོན་མི་གསོ་སྐྱོང་ཐད་བཟོ་ཚོགས་ཀྱི་བྱས་རྗེས་འཇོག་དགོས། གཞི་རིམ་གྱི་བཟོ་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལུས་རྩལ་ཁོངས་གཏོགས་ཀྱི་རིགས་སྣ་ཚོགས་ཀྱི་མཐུན་ཚོགས་ལ་ཁ་ཕྱོགས་ནས། བཟོ་ཚོགས་འཛུགས་པ་དང་བཟོ་ཚོགས་ལ་ཞུགས་པའི་བྱ་བར་ཤུགས་སྣོན་བྱས་ཏེ་མཐུན་ཚོགས་ཀྱི་ཏང་གི་འཛུགས་སྐྲུན་གྱིས་བཟོ་ཚོགས་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་པ་དང་། ཟོལ་མེད་ཀྱིས་ལུས་རྩལ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་དག་བཟོ་ཚོགས་རྩ་འཛུགས་ནང་ཞུགས་སུ་བཅུག་སྟེ། ལུས་རྩལ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བཟོ་བ་དག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།