ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་བོན་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2023.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་མགོ་འཛིན་མཛད་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་བོན་བཅའ་ཁྲིམས་ལག་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་དང་པོ་བསྡུས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་གི་མི་རིགས་ཀྱི་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་ཁྲིམས་སྐྱོང་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་ལྟར་ས་བོན་སྐྱོང་རྒྱུ་དང་ཁྲིམས་ལྟར་འདེབས་འཛུགས་དར་སྤེལ་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

ཀྲའོ་ལི་ཅི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། “ཞིང་ལས་དེང་རབས་ཅན་ལ་མཚོན་ནས་བཤད་ན། ས་བོན་ནི་རྨང་གཞི་ཡིན་པས། ངེས་པར་དུ་མི་རིགས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་དགོས”ཞེས་པ་དང“འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་སྟོབས་རང་སྤེལ་དང་ས་བོན་འབྱུང་ཁུངས་ཀྱི་རང་བརྟེན་ཚོད་འཛིན་མངོན་འགྱུར་ཡོང་བར་བྱས་ཏེ། ཀྲུང་གོའི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས”ཞེས་བསྟན་ཡོད།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ་དང་། མི་རིགས་ས་བོན་ལས་རིགས་དར་སྤེལ་གཏོང་རྒྱུ་དང་ས་བོན་ལས་རིགས་ཀྱི་རང་འཕེལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ས་བོན་བཅའ་ཁྲིམས་ལག་བསྟར་ལས་དོན་ལ་ཞིབ་བཤེར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དམངས་ཆེན་གྱི་འགན་ནུས་ལ་དམ་པོར་དམིགས་ཏེ། ཁྲིམས་བཟོ་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ནས། རང་རྒྱལ་གྱི་ས་བོན་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་བོན་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་ཆེད་དམངས་ཆེན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་འགན་འཁུར་པས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།