སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
2023.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་བགྲོ་གླེང་ཚོགས་འདུ་ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་སྟེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་དེར་གོ་བ་ཟབ་མོ་བླངས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ངོས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོར་སྒྲུབ་དགོས།

ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་དགོངས་པ་གལ་ཆེན་ནི། ཏང་གི་ལོ་བརྒྱའི་རིང་གི་མི་རིགས་ལས་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ལྷག་པར་དུ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེ་བའི་ཉམས་མྱོང་ཅི་རིགས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་མངོན་འགྱུར་བྱུང་བའི་གྲུབ་འབྲས་གསར་པ་ཡིན་ལ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་མི་རིགས་ལས་དོན་གྱིས་ལས་འགན་གསར་པ་སྒྲུབ་པ་དང་འགན་འཁྲི་གསར་པ་འཁུར་བའི་བསམ་བློའི་མཚོན་ཆ་ཞིག་ཀྱང་ཡིན། དགོངས་པ་གལ་ཆེན་འདི་ཉིད་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དོན་འཁྱོལ་བྱས་ནས། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གནད་ཀ་དེར་སྟངས་འཛིན་ནན་མོ་བྱས་ནས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཧྲི་ཐའེ་ཧྥུན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཁྲིན་དབྱི་ཆིན་ཚོགས་འདུར་ཞུགས།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་། ནང་སོག་རང་སྐྱོང་ལྗོངས་དང་ཅི་ལིན་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཅས་ཀྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་ཆེད་མཁས་པ་དང་མཁས་དབང་བཅས་ཀྱིས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།