ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱེད་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་དང་པོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཆེད་དོན་སློབ་སྦྱོང་ལ་མགོ་འཛིན་མཛད། ཀྲུང་གོ་ཆེ་ཕྱོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཁྲང་ལིན་གྱིས་ཆེད་དོན་འཆད་ཁྲིད་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཁྲིན་དབྱི་ཆིན་བཅས་ཀྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད།
ལིས་ཆང་གིས་འཆད་ཁྲིད་དང་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་ལ་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་ཞེས་གསུངས་ཡོད། ང་ཚོས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་། འགག་སྒོ་གལ་ཆེན་བརྒལ་བའི་ལྡོག་མེད་ཀྱི་གདམ་ག འཐབ་ཇུས་ཀྱི་དགེ་མཚན་ལྡན་པའི་འགག་རྩ་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། སྔར་ལས་འབད་འབུངས་ཡར་བརྩོན་གྱི་བསམ་བློ་བཅངས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བརྟན་པོའི་ངང་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་གྱི་ནང་དོན་ཁོང་དུ་ཏན་ཏིག་སྒོས་ཆུད་པར་བྱས་ནས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་ནང་གནས་གཅིག་གྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྟངས་འཛིན་བྱེད་པ་དང་འཕེལ་རྒྱས་ལ་ཞིབ་བསྡུར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་ཨང་དང་པོ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ཏེ། དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། མ་ལག་གི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ། ལས་དོན་གྱི་མཐུན་སྦྱོར་རང་བཞིན་སྔར་ལས་ཆེ་རུ་གཏོང་བ། བྱ་བའི་ཐོད་བརྒལ་བྱེད་ས་འཚོལ་བ། ལས་དོན་གྱི་བརྟོལ་ནུས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་དེ་གོ་སྐབས་སུ་བརྩིས་ནས། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ་དང་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་གནད་དོན་མངོན་གསལ་ཅན་ཁག་གཅིག་དངོས་སུ་ཐག་གཅོད་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།