ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་ཧྲུའུ་ཅི་མའོ་ལ་ལེ་སི་དང་གྲོས་མོལ་མཛད།
ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོ་དང་ཁུ་པ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་རེ་གསུམ་གྱི་རིང་ལ། ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་སྒོས་མཛའ་བཤེས་ཇེ་ཟབ་ཏུ་བཏང་བ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཧྲུའུ་ཅི་དང་པོ་ཏིས་ཡ་སི་ཁ་ནེ་ཨར་རྣམ་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། ཆབ་སྲིད་ཡིད་ཆེས་དང་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་ཞིང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་མར་ཁེ་སི་རིང་ལུགས་ས་གནས་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལ་ཏེན་མེ་གླིང་ས་ཁུལ་སྲིད་ཏང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ཏེ་འཛམ་གླིང་ཞི་བདེ་ཡོང་བ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།
མའོ་ལ་ལེ་སི་ཡིས་བསྟན་དོན། ཁུ་པ་གུང་ཁྲན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཁུ་པ་དང་ཀྲུང་གོ་དང་ལ་ཏེན་མེ་གླིང་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།