ཞི་ཅིན་ཕིང་གིས་ཁྲུའུ་ཕུའུ་ཡིས་བྷང་ག་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་འཁུར་བར་རྟེན་འབྲེལ་ཞུས།
2023.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 93

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུའུ་ཧན་མུའུ་ཏི་ཞེ་ཧ་པུའུ་ཏེན་ཁྲུའུ་ཕུའུ་ལ་གློག་འཕྲིན་བཏང་སྟེ་ཁོས་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་འཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་བ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་བར་མཛའ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་མིག་དཔེ་བཙུགས། ངས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཙུང་ཐུང་ཁྲུའུ་ཕུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

                                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།