ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གཞི་གྲངས་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 137

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གཞི་གྲངས་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱུན་མཐུད་འཕེལ་རྒྱས་ནི་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་ཡར་ཐོན་འགྲོ་བའི་དགོས་ངེས་ཀྱི་གདམ་གསེས་ཡིན་པ་དང་། ཤུགས་ཆེ་བ་དང་ལྗང་མདོག་ཡིན་ཞིང་། བདེ་ཐང་ཡིན་པའི་འཛམ་གླིང་གི་འཕེལ་རྒྱས་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་ལེན་མཁན་ཡིན་པས། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། གྲངས་འཛིན་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་རྨང་གཞིའི་ལམ་ལུགས་མ་ལག་འཛུགས་པ་དང་ཆ་ཚང་དུ་གཏོང་བ། གཞི་གྲངས་དང་བསྡོམས་རྩིས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ལྟ་ཞིབ་ཚད་ལེན་གྱི་ལག་ལེན་དང་ཉམས་མྱོང་ཧུར་ཐག་སྒོས་ལོངས་སྤྱོད་བྱེད་དུ་འཇུག་པ་ཡིན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་པའི་སྒྲོམ་གཞིའི་འོག་ཏུ་རྒྱལ་སྤྱིའི་གཞི་གྲངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གཞི་གྲངས་བཅོས་སྐྱོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པར་རོགས་འདེགས་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་སྒོ་འབྱེད་མཉམ་རྒྱལ་གྱི་གཞི་གྲངས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་གསར་སྐྲུན་བྱས་ནས། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གཞི་གྲངས་གླེངས་སྟེགས་སྐབས་བཞི་པ་ཉིན་དེར་ཀྲེ་ཅང་ཞིང་ཆེན་གྱི་ཧང་ཀྲིག་གྲོང་ཁྱེར་དུ་ཚོགས་མགོ་བརྩམས་ཤིང་། གླེང་སྟེགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་སྒྲུབ་འགན་འཁུར་བ་རེད། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་ནི་གཞི་གྲངས་གཙོ་བོར་བཟུང་ནས་མ་འོངས་པར་མཉམ་རྒྱལ་བྱེད་དགོས་ཞེས་པ་དེ་རེད།

                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།