ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་ནས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་ཀྱི་ཧྲུའུ་ཅི་མའོ་ལ་ལེ་སི་ཡིས་ཁྲིད་པའི་ཁུ་པ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཧྲུའུ་ཅི་དང་པོ་ཏིས་ཡ་སི་ཁ་ནེ་ཨར་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་མ་འོངས་པར་འཆར་གཞི་བཟོས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོར་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་ཞིང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ། དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།
མའོ་ལ་ལེ་སི་ཡིས་བསྟན་དོན། ཁུ་པ་དང་ཀྲུང་གོ་ཏང་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་གལ་ཆེན་ཡིན། ཁུ་པ་གུང་ཁྲན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་མཛུབ་སྟོན་དུ་འཛིན་པ་དང་། ཀྲུང་གོ་དང་མཉམ་དུ་ཏང་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ལས་དོན་དང་ཁུ་པ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།