རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
2023.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧོང་ཞང་གིས་ཕུལ་བའི་མྱུལ་མར་ངོ་རྒོལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚོང་པེན་གྱིས་ཕུལ་བའི་མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བལྟས་ན་གོང་གི་འཆར་ཟིན་གཉིས་ཀ་ཅུང་ཆ་ཚང་ཡིན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ལ་སྤྲད་དེ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་བའི་གྲོས་གཞི་བཏོན།

གྲོས་ཚོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུའུ་ཧོས་ཀྱིས་ཕུལ་བའི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རོང་ཆིའུ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁྲིན་ཞུའུ་ཡིས་དུས་རབས་གསར་བའི་ཕྱི་སྡོད་རང་མིའི་ལས་དོན་བྱ་བའི་གནས་ཚུལ་ཡར་ཞུ་བྱས།

གྲོས་ཚོགས་ནས་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་ཞིབ་བྱེད་པར་སྤྲད་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོའི་འཆར་ཟིན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ད་དུང་འབྲེལ་ཡོད་བསྐོ་འཐེན་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས།

                                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།