མཉམ་འབྲེལ་རྒྱལ་ཚོགས་གྱི་འཛམ་གླིང་གཞི་གྲངས་གླེང་སྟེགས་སྐབས་བཞི་པ་ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་ཀྲིག་ཅང་ཧང་ཀྲིག་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གླེང་སྟེགས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་བ་དེས། ཁོང་གིས་གླེང་སྟེགས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཀྲུང་གོས་གྲངས་ཀའི་ལག་རྩལ་མྱུར་དུ་གསར་གཏོད་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་མང་པོའི་ཆོས་ཉིད་དང་ཉེར་སྤྱོད་རྣམ་པ་ཇེ་བཟང་དུ་གཏོང་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། གཞི་གྲངས་སྒྲིག་ལམ་དང་མཐུན་པ་དང་ཕན་པ་ལྡན་པའི་སྒོ་ནས་འཁོར་རྒྱུག་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་དྲག་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་ཤུགས་ཆེན་འདོན་སྤྲོད་བྱེད་དགོས།
ཏིང་ཞུའེ་ཞང་གིས་བསྟན་དོན། མིག་སྔར། འཛམ་གླིང་དུ་ལོ་བརྒྱར་ཐུག་མ་མྱོང་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཐད་ནས་འགྲན་རྩོད་མང་པོར་འཕྲད་ཡོད་པས། ང་ཚོས་གཞི་གྲངས་ཀྱི་བཅོས་སྐྱོང་ལ་བརྟེན་ནས་འཛམ་གླིང་ཡོངས་འཕེལ་རྒྱས་སུ་གཏོང་བའི་གྲོས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་གསར་བ་དང་གསོན་ཤུགས་སྣོན་དགོས། ཁོང་གིས་གྲོས་འགོ་བཞི་བཏོན་པ་སྟེ། གཅིག་ནས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་གྲངས་ཀའི་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ། གྲངས་ཀའི་འགག་སྒོ་གཏོར་བ། གཞི་གྲངས་མཉམ་འབྲེལ་གཏིང་ཟབ་ཏུ་བཏང་སྟེ། འདྲ་མཉམ་དང་སྒོ་འབྱེད། མཉམ་ལས་ཀྱི་གྲངས་ཀའི་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་དགོས། གཉིས་ནས་གྲངས་ཀའི་གསར་གཏོད་ཉེར་སྤྱོད་ལ་ཤུགས་སྣོན་པ་དང་། གྲངས་ཀ་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། སྐབས་གསར་བའི་གྲངས་ཀའི་ལག་རྩལ་ཐད་ཀྱི་མཉམ་ལས་གསར་གཏོད་ལ་ཤུགས་བསྣན་ནས། གྲངས་ཀའི་ལག་རྩལ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་དགོས། གསུམ་ནས་འདྲ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲངས་ཀའི་བར་ཆད་སྐོང་བ། སྒོ་འབྱེད་དང་བཟོད་སྒོམ། འདྲ་མཉམ། དྲང་གཞག སྣང་ཆུང་མི་བྱེད་པའི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་པ། གྲངས་ཀའི་དཔལ་འབྱོར་གྱི་ཤོང་ཚད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། གྲངས་ཀའི་ལག་རྩལ་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་དགོས། བཞི་ནས་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱེད་པ་དང་། འཛམ་གླིང་ཡོབས་ཀྱི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བ་དང་འབྲུ་རིགས་བདེ་འཇགས། ནུས་ཁུངས་མཁོ་འདོན། འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་བསྡོམས་རྩིས་ལྟ་ཞིབ་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནས་ཚུལ་དང་གྲུབ་འབྲས་ལ་ཚད་འཇལ་ཡང་དག་བྱེད་དགོས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་བརྙན་རིས་བརྒྱུད་དེ་ཤིས་ཚིག་ཕུལ། གླེང་སྟེགས་མ་འཚོག་གོང་ལ། ཏིང་ཞུའེ་ཞང་གིས་ཕྱི་ཕྱོགས་ཀྱི་ཚོགས་ཞུགས་སྐུ་མགྲོན་གྱི་འཐུས་ཚབ་ལ་མཇལ་འཕྲད་གནང་།
རིན་ཆེན་མཚོས་བསྒྱུར།