ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྒྱས་བཤད་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།   རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད།   དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། དུས་རིམ་རྗེས་མའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གྱི་དགོངས་དོན་གྱིས་སྐབས་གསར་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབྲི་བའི་ཡིད་ཆེས་བརྟན་པོ་ཁྱབ་བསྒྲགས་བྱས་ཡོད་པས།    ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཡང་དག་པའི་ཁ་ཕྱོགས་དང་དམིགས་འབེན་ལས་འགན།   བྱེད་ཐབས་གལ་ཆེན་བཅས་ལ་རྒྱུན་ལོན་ཡང་དག་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་བཅོས་སྒྱུར་བཀོད་སྒྲིག་ལ་དམིགས་པ།  བརྗོད་དོན་སློབ་གསོ་དང་དམ་པོ་སྦྲེལ་བ།   བརྟག་དཔྱད་ཞིབ་འཇུག་བྱེད་པ།   རང་འགུལ་ངང་དཀའ་སེལ་མཁྲེགས་གཏོར་བྱེད་པ།   ཤུགས་ཆེན་པོས་རང་ཞིང་གི་བཅོས་སྒྱུར་དང་འཕེལ་རྒྱས་མཉམ་བསྲེས་ཟབ་མོ་དང་ནུས་ལྡན་མཉམ་སྒུལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་བཅོས་སྒྱུར་གྱི་ལས་འགན་སོ་སོ་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་དང་།   འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱས་ཏེ་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་དམ་པོར་དམིགས་པ།  ཐོན་ཁུངས་དང་ནུས་ཁུངས།  མཐོ་སྒང་སོགས་ཁྱབ་ཁོངས་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ།   ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་གཙོར་བཟུང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ།   རང་སྟེང་ནས་འབད་འཐབ་བྱེད་པའི་ཞོར་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་སོགས་འཐབ་ཇུས་བཀོལ་སྤྱོད་བཟང་བོ་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།    ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོ་སྤེལ་བ་དང་སློབ་གསོར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཐད་བློ་དཀར་བར་བྱེད་པ།   མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པར་ཁྲིད་སྟོན་བྱེད་པ།  བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་བྱ་བ་གཙོ་བོ་དང་ཟུང་འབྲེལ་བྱེད་པ་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་བསྐྱེད་པ། སློབ་སྦྱོང་ལ་བརྟེན་ནས་དར་སྲོལ་ཇེ་བཟང་དུ་གཏོང་བ།  སློབ་སྦྱོང་ལ་བརྟེན་ནས་དངོས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ཐོབ་པར་བྱེད་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གྲོལ་བའི་མཛད་སྒོའི་སྟེང་གི་ཤིས་ཚིག་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་ནས་བསྟན་དོན།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་འཛིན་པ།   རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།   རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ་དང་ཁྲལ་སྲུང་ཁུལ་དང་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཁོར་སྐྱོད་ཆུ་ཚད་ནུས་ཡོད་སྒོས་མཐོར་འདེགས་སུ་གཏོང་བ།   མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱས་ཏེ་ཕྱི་ཕྱོགས་བརྗེ་རེས་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྒྱས་བཤད་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་།   བདེ་འཇགས་ཐོན་སྐྱེད་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ།    གནད་དོན་ཁྲིད་ཕྱོགས་སུ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་ལ་ཤུགས་སྣོན་པ།   ཡུལ་སྐོར་ཁྱབ་ཁོངས་ཀྱི་རིགས་སོ་སོའི་བདེ་འཇགས་ཐོན་སྐྱེད་གནད་དོན་ལ་མཐོང་ཆེན་བྱེད་པ།  ཐལ་དྲག་པའི་གནམ་གཤིས་དང་རང་བྱུང་གནོད་འཚེ་ལ་ཁ་གཏད་བཟང་བོ་འཇལ་བའི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་པ།   བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ་བཅས་བྱས་ཏེ་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་བསམ་པས་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་དགོས།

གྲོས་ཚོགས་སྟེང་བསྟན་དོན།    བློ་བརྟན་འགྱུར་མེད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་གོང་ནས་འོག་ལ་སྣེ་ཁྲིད་བྱས་ཏེ་སྲོལ་གསར་སྤྱོད་བཟང་བཙུགས་ཏེ་ཞིང་ཆེན་གོང་འོག་ཡོངས་སུ་སྣང་ཚུལ་ནན་མོ་དང་སྤྱོད་ཚུལ་བཟང་བོ་ཆགས་པར་སྐུལ་འདེད་གཏོང་དགོས།   ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་ཁྲིམས་འགལ་བཟའ་བཏུང་གཏན་འགོག་བྱེད་པ།   གཞུང་དོན་སྣེ་ལེན་ཚད་ལྡན་དུ་བཏང་སྟེ་ལས་བྱེད་པའི་ཉིན་རྒྱུན་གྱི་དོ་དམ་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་དགོས།   འཚོ་བ་གྲོན་ཆུང་སྒོས་སྐྱེལ་བའི་བསམ་བློ་བརྟན་པོར་འཛུགས་པ་དང་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ཇེ་དམ་དུ་བཏང་སྟེ་ཧུར་བརྩོན་གྲོན་ཆུང་ལག་བསྟར་ནན་མོ་བྱེད་དགོས།    བརྟག་དཔྱད་ཞིབ་འཇུག་ནན་མོར་སྤེལ་བ་དང་།  གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་དང་གནད་དོན་ཐག་གཅོད་རྒྱུ་དེ་བྱ་བའི་སྤྱོད་ཚུལ་བསྒྱུར་བའི་བྱེ་བྲག་གི་མཚོན་ཚུལ་དུ་བྱས་ཏེ་སྒྲིག་ཁྲིམས་སྔར་ལས་ནན་མོ་དང་སྤྱོད་ཚུལ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ད་ལོར།   ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ་བྱ་བ་སོ་སོར་སྔོན་ལ་བཀོད་སྒྲིག་དང་དམ་འཛིན་ནན་མོ།  དངོས་སྒྲུབ་དངོས་གཉེར་བྱས་པས།  དཔལ་འབྱོར་འཕེལ་རྒྱས་གསོན་ཤུགས་ཕྱོགས་ཡོངས་ནས་སླར་གསོ་བྱས་ཡོད་པ་དང་དཔལ་འབྱོར་སླར་གསོའི་རྣམ་པ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ལ།   དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་དང་སླར་གསོ་མགྱོགས་པ།   བརྟན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་བོ་མངོན་དེ་ཐོབ་དཀའ་བའི་གྲུབ་འབྲས་བཟང་བོ་བླངས་ཡོད།  མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་དཀའ་ཁག་དང་འགྲན་རྩོད་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ་དང་དམ་པོར་སྦྲེལ་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ།   ཐོན་སྐྱེད་དང་འཛུགས་སྐྲུན།   ཡུལ་སྐོར་འཕེལ་རྒྱས་བཅས་ཀྱི་དུས་ཚིགས་གལ་ཆེན་དམ་འཛིན་བྱེད་པ།   འཕེལ་རྒྱས་ཀྱི་ཆོས་ཉིད་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་དམ་པོར་འཛིན་པ།    ཐོན་སྐྱེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་ལོ་ཧྲིལ་བོའི་དཔལ་འབྱོར་བྱ་བའི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ།   དཔལ་འབྱོར་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ།   ལོ་སྟོད་ཀྱི་ལས་འགན་ལྷག་འགྲུབ་བྱེད་རྒྱུ་བརྩོན་ལེན་བཅས་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་ཅང་སུའུ་ཞིང་ཆེན་དུ་ལྟ་ཞིབ་སློབ་སྦྱོང་བྱས་པའི་གནས་ཚུལ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་པེ་ཅིང་དུ་སོང་ནས་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ལ་འཚམས་འདྲི་དང་ཐུག་འཕྲད་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།     གྲོས་ཚོགས་སྟེང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་མཉམ་ལས་ཐད་ཀྱི་ཐུན་མོང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ།   གྲོས་མཐུན་དོན་འཁྱོལ་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་ལས་གཞི་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།   ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་བསམ་འཆར་དོན་འཁྱོལ་ནན་མོ་བྱེད་པ་དང་སྦྲེལ་མཐུད་སྙན་ཞུར་ཤུགས་སྣོན་པ། གནད་དོན་གཙོ་བོར་ཞིབ་འཇུག་གཏིང་ཟབ་བྱེད་པ།   ཀྲུང་དབྱང་ཁེ་ལས་དང་མཐུན་སྦྱོར་བཟང་བོ་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་དུ་དོན་འཁྱོལ་བཟང་བོ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ཉིས་སྟོང་ཉེར་གཉིས་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་བྱ་བ་ནི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན་པས།   དཔྱད་ཞིབ་ཀྱི་མཛུབ་སྟོན་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་།    འགོ་ཁྲིད་དང་པོ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་སོགས་གནད་འགག་ཉུང་ཤས་ལ་དམ་པོར་དམིགས་པ།   དཔྱད་ཞིབ་གདེང་འཇོག་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ།   འཐབ་རྩོད་བྱེད་ཕོད་པར་བྱེད་པ།   དཔྱད་ཞིབ་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ།   དཔྱད་ཞིབ་མཇུག་འབྲས་འཁོར་སྐྱོད་བཟང་བོ་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

                                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།