རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2023.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་ཡུན་གྱིས་ཕུལ་བའི། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་བསམ་འཆར་སྙན་ཞུ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་སྙན་ཞུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྲུང་བྱ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པར་མ་ཟད། འབྲེལ་ཡོད་འཆར་ཟིན་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་གྱི་མིང་ཐོའི་འཆར་ཟིན། གོ་གནས་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྙན་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་དུ། གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད།

བན་དེ་སྐྱབས་ཀྱིས་བསྒྱུར།