ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་ཚོགས་ཆེན་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ནི་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་བསྐྲུན་ནས། འཛམ་གླིང་གི་ཤེས་རིག་འཕེལ་རྒྱས་ལོ་རྒྱུས་ལ་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད། ཉིས་སྟོང་བཅུ་དགུ་ལོར་ངས་ཨེ་ཤ་ཡའི་ཤེས་རིག་་གླེང་མོལ་ཚོགས་ཆེན་སྟེང་དུ། ཨེ་ཤ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་འགུལ་སྐྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་པ་ཡིན། ལོ་ངོ་བཞི་ཡི་རིང་ལ། ཕྱོགས་སོ་སོས་དང་ལེན་ཧུར་ཐག་དང་མཉམ་དུ་འབད་བརྩོན་བྱས་ཏེ་གནའ་བོའི་ཤེས་རིག་ཞིབ་འཇུག་དང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ། གནའ་ཤུལ་ཉམས་གསོ། རྟེན་རྫས་བཤམས་སྟོན་ཁང་གི་བརྗེ་རེས་སོགས་ཀྱི་ཐད་ནས་དངོས་སྒྲུབ་མཉམ་ལས་བྱས་པར་བརྟེན། མིའི་རིགས་ཀྱི་ཤེས་རིག་གི་ཉིང་བཅུད་སྲུང་སྐྱོབ་བྱ་ཆེད་ཨེ་ཤ་ཡའི་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་བཙུགས་པ་དེ་ཨེ་ཤ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་ཨེ་ཤ་ཡའི་ཤེས་རིག་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་གི་ཤེས་རིག་སྣ་མང་དར་རྒྱས་ཡོང་བ་བཅས་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་ཆེད་སྟོབས་ཤུགས་ཅི་ཡོད་སྐྱེས་སུ་འབུལ་རྒྱུར་ཕན་ཐོགས་ངེས་ཅན་ཡོད། མནའ་འབྲེལ་གྱི་སྒྲོམ་གཞིའི་འོག་ཏུ། ཀྲུང་གོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གླེང་མོལ་དང་མཉམ་ལས་ཀྱི་དྲ་རྒྱ་བསྐྲུན་པ། རྒྱལ་ཁབ་སོ་སོའི་མི་དམངས་བར་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་ཡར་ཐོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཨེ་ཤ་ཡའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མནའ་འབྲེལ་ཚོགས་ཆེན་དེ་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་རིག་དངོས་ཅུའུ། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཚེས་ཉེར་ལྔ་ཉིན་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་སྤེལ་མགོ་བརྩམས།
བན་དེ་སྐྱབས་ཀྱིས་བསྒྱུར།