ལིས་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞིང་ལས་འཕེལ་རྒྱས་དང་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་ལོའི་མགོ་རྩོམ་མཛད་སྒོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་འཕེལ་རྒྱས་དང་འབྲུ་རིགས་བདེ་འཇགས་ཀྱི་མཉམ་ལས་ལོའི་མགོ་རྩོམ་མཛད་སྒོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ལིས་ཆང་གིས་ད་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བ་དང་ཏག་ཏག་འཁེལ་ཡོད། ཞིང་ལས་དང་འབྲུ་རིགས་བདེ་འཇགས་ནི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་ཡིན་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱང་ཡིན། ཕྱོགས་གཉིས་ཀས་སྲིད་ཇུས་སྦྲེལ་མཐུད་དང་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོའི་འབྲུ་རིགས་དང་ཞིང་ལས་བཅོས་སྐྱོང་ལ་ཨེ་ཤ་ཡ་ཤར་མའི་བློ་གྲོས་དང་ཨེ་ཤ་ཡ་ཤར་མའི་དཔེ་མཚོན་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན། ང་ཚོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ཞིང་ལས་འཕེལ་རྒྱས་དང་འབྲུ་རིགས་བདེ་འཇགས་མཉམ་ལས་ལོ་གོ་སྐབས་སུ་བརྩིས་ཏེ། ཞིང་ལས་ལྗང་མདོག་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་། གྲོང་གསེབ་དར་སྤེལ། རིག་ནུས་ཞིང་ལས་དང་གཞི་གྲངས་གྲོང་གསེབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཞི་བདེ་དང་བདེ་འཇགས། དར་རྒྱས། མཛེས་སྡུག མཛའ་མཐུན་བཅས་ཀྱི་ཐུན་མོང་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།