ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཟུར་ཞུགས་བྱས་པའི། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ལྷན་དུ་བཞུགས་མོལ་དང་དགོངས་འཆར་བརྗེ་རེས་གནང་། ཀྲའོ་ལི་ཅི་ཡིས་དམངས་ཆེན་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་དང་། ལྷག་བསམ་རྣམ་དག་ངང་མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་དབང་ཆ་བཀོལ་བའི་ཁྲོད་ཞུགས་པ་དང་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་དུ་བྱས་རྗེས་འཇོག་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
བཞུགས་མོལ་ཚོགས་འདུའི་སྟེང་དུ། འཐུས་མི་རྣམས་ཀྱིས་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ། འཐུས་མིའི་ནུས་པ་འདོན་སྤེལ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་བཏོན། ཀྲའོ་ལི་ཅི་ཡིས་དམངས་ཆེན་འཐུས་མིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་ཀྱི་སྟེང་ནས། ཏང་གིས་དམངས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དགོས། ཁྲིམས་བཀོད་འགན་འཁྲི་ཡག་པོར་སྒྲུབ་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུར་ཞུགས་པ། གྲོས་གཞི་དང་སྙན་ཞུར་གྲོས་ཞིབ་ནན་ཏན་བྱེད་པ། ཁྲིམས་ལྟར་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་པར་ཞུགས་པ། སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་འདོན་གང་ཐུབ་བྱེད་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཁྲོད་འབད་པས་ཞུགས་པ། རང་ངོས་ཀྱི་ཆེད་ལས་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས་ཞེས་གསུངས།
ཀྲའོ་ལི་ཅི་ཡིས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བྱ་བའི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འཐུས་མིའི་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་རྟོགས་ཡོང་བར་འགན་ལེན་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་འཐུས་མིའི་བར་གྱི་འབྲེལ་བ་སྔར་ལས་ཇེ་་ཟབ་ཏུ་གཏོང་བ། འཐུས་མིར་དམ་པོར་བརྟེན་ནས་དུས་རབས་གསར་པའི་དམངས་ཆེན་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།