ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ཧྲུའུ་ཨར་ཚི་ཁྱིམ་རྒྱུད་ཐེབས་རྩ་ལྷན་ཚོགས་འཛུགས་མཁན། ཞིན་པ་ཁི་ཀུང་ཟི་ཡི་དེ་སྔའི་རྐང་གཉེར་དབུ་གཙོ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧོ་ཧྭ་ཏི·ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ཏེ། སྐུ་ཞབས་ཧྲུའུ་ཨར་ཚི་དང་ཞིན་པ་ཁི་ཀུང་ཟིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་རྒྱུའི་སྐུལ་མ་གནང་། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ལ་འགྱུར་བ་གཏོང་མི་སྲིད་པས། ཨ་མེ་རི་ཁའི་ཁེ་ལས་དང་བཅས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་དང་མཉམ་དུ། ཀྲུང་གོའི་འཕེལ་རྒྱས་གསར་པ་ལས་བྱུང་བའི་གོ་སྐབས་ལོངས་སྤྱོད་བྱེད་འདོད་ཡོད། སྐུ་ཞབས་ཧྲུའུ་ཨར་ཚི་དང་ཐེབས་རྩ་ལྷན་ཚོགས་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་མུ་མཐུད་འབད་པས་ཞུགས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བྱས་རྗེས་གསར་པ་འཇོག་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཧྲུའུ་ཨར་ཚི་ཡིས་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་པར་རྟེན་འབྲེལ་ཞུས་ཏེ། ཧྲུའུ་ཨར་ཚི་ཐེབས་རྩ་ལྷན་ཚོགས་དང་ཞིན་པ་ཁི་ཀུང་ཟིའི་ཤན་ཤུགས་སྔར་ལས་ཆེ་རུ་བསྐྱེད་ནས། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་བརྗེ་རེས། དམངས་ཁྲོད་ཀྱི་འགྲོ་འོང་བཅས་ཀྱི་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།