རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་གྲོལ།
2023.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བརྒྱབ་པའི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་བཀའ་རྒྱ་བཞི་པ་དང་ལྔ་པའི་སྟེང་མཚན་བཀོད་དེ་དངོས་སུ་ཁྱབ་བསྒྲགས་བྱས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོར་མགོ་འཛིན་གནང་།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྒྱ་དང་བདུན་ཅུ་ཚོགས་འདུར་ཞུགས་ཡོད་པ་དང་། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྲུང་བྱ་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོར་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བརྡས་ཐག་བཅད་དེ་བསྐོ་འཐེན་གྱི་གྲོས་གཞིར་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་འབྲེལ་ཡོད་བརྡས་གཅོད་དོན་དག་ཡོངས་འགྲུབ་བྱས་རྗེས། ཀྲའོ་ལི་ཡིས་གསུང་བཤད་གནང་། 

ཀྲའོ་ལི་ཅི་ཡིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་རྒྱུ་ཐག་བཅད་པ་དེ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཡིན། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མཚོན་ན། བརྟག་དཔྱད་ཞིབ་འཇུག་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་མཐའ་འཁྱོལ་བྱེད་རྒྱུ་དེ་ཡིན་ལ། ཁྲིམས་བཅད་འགན་འཁྲི་ལག་བསྟར་བྱེད་རྒྱུ་དེ་ཡང་ཡིན་པས། དམངས་ཆེན་གྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། མི་དམངས་ལ་བློ་འདྲི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་གཏོགས་པའི་རྩ་ཁྲིམས་ཀྱི་རྩ་དོན་དོན་འཁྱོལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་ཇུས་ཐག་གཅོད་པ་དང་ལག་བསྟར་བྱེད་པ། ལྟ་སྐུལ་དོན་འཁྱོལ་གྱི་གོ་རིམ་སོ་སོར་མི་དམངས་ཀྱི་འདོད་བློ་མཚོན་པར་བྱེད་དགོས། 


བན་དེ་སྐྱབས་ཀྱིས་བསྒྱུར།