ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་ཟི་ཅི་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བ་དུས་ཡུན་ལོ་ངོ་སོ་གཅིག་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་དེ། གཞི་ནས་འཐབ་ཇུས་རོགས་རེས་འབྲེལ་བའི་ཆུ་ཚད་དུ་སླེབས་ནས། རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་རམ་འདེགས་གང་ལེགས་བྱས་ཡོད། ཙུང་ཐུང་ཙེ་ལན་ཟི་ཅི་ཡིས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བ་དང་ཀྲུང་གོའི་བར་གྱི་མཉམ་ལས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱ་རྒྱུ་ཡིན་ཞེས་ཐེངས་མང་གསུངས་པར་ངས་བསྟོད་བསྔགས་བྱས་པ་ཡིན་ལ། ན་ནིང་ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱ་རྒྱུར་གཞོགས་འདེགས་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། ཕྱོགས་གཉིས་ཀས་འབྱུང་འགྱུར་ལ་དམ་པོར་དམིགས་ཏེ། ཡུན་རིང་བོར་དམིགས་ནས་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་ཟོལ་མེད་འཛིན་པའི་སྲོལ་རྒྱུན་རྒྱུན་མཐུད་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་མདུན་ནས་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་འདུན་ནི་ཐོག་མཐའ་བར་གསུམ་དུ་གསལ་བོ་དང་བརྟན་པོ་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཝུའུ་ཁི་ལན་གྱི་གནད་དོན་སྔར་ལས་རྙོག་འཛིང་ཅན་དུ་སོང་ནས་རྒྱལ་སྤྱིའི་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྲུང་གོ་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཕྱོགས་སུ་ལངས་ཡོད། ལངས་ཕྱོགས་གཙོ་བོ་ནི་བར་འདུམ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ངས་སྔ་གཞུག་ཏུ“འོས་པ་བཞི”དང“ཐུན་མོང་བཞི”། “བསམ་གཞིགས་བྱ་དགོས་པ་གསུམ་”བཅས་ཀྱི་གྲོས་འགོ་བཏོན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་དུང་དེའི་རྨང་གཞིའི་སྟེང་དུ《ཆབ་སྲིད་ཀྱི་སྟེང་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདུམ་འགྲིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་འཐབ་མཚམས་འཇོག་དང་དམག་མཚམས་འཇོག་རྒྱུ་དང་ཞི་བདེ་སླར་གསོ་ཡོང་ཆེད་རང་ཉིད་ཀྱི་འབད་པ་ལྷུར་ལེན་རྒྱུའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤེ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་མི་ཝུའུ་ཁི་ལན་སོགས་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པར་མངགས་ནས། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ཕྱོགས་ཁག་དང་འབྲེལ་གཏུག་གཏིང་ཟབ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གང་མང་མཁོ་འདོན་བྱས་ཡོད་ལ། ད་དུང་མུ་མཐུད་དུ་ནུས་པའི་འདང་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས།
ཙེ་ལན་ཟི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་བླངས་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཏུ། ཀྲུང་གོས་རྒྱལ་ཁའི་ངང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་ནས། མུ་མཐུད་མདུན་ནས་མདུན་དུ་འཕེལ་རྒྱས་འགྲོ་ངེས་པར་ཡིད་ཆེས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་བྱ་དང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་གར་སྟེགས་སྟེང་དུ་བྱེད་ནུས་གལ་ཆེན་བཏོན་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཕྱོགས་དང་ཁྱོན་ཡོངས་ནས་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ལེའུ་གསར་པ་བརྩམས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཙེ་ལན་ཟི་ཅི་ཡིས་མིག་སྔའི་ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྱི་ལྟ་ཚུལ་གླེང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་སླར་གསོ་དང་ཕྱི་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱ་ཆེད་ནུས་པ་གལ་ཆེན་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།