ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲང་ཧྲི་མཱེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཀྲུང་གོར་འཚམས་འདྲི་གནང་བ་ནས་བཟུང་། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀས་ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་མཉམ་འབྲེལ་གསལ་བསྒྲགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཀྲུང་གོ་དང་ཡོ་ནན་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་བཟང་པོ་མངོན་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བར་འགྲོ་འོང་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་ཆབ་སྲིད་ཀྱི་མཛུབ་སྟོན་དང་འཐབ་ཇུས་ཀྱི་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་། རྒྱལ་ཁབ་གཉིས་ཀའི་རང་སོ་སོའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམ་པོར་དམིགས་ཏེ། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀས“ཡིག་འབྲུ་བཅུ་དྲུག་གི”བྱེད་ཕྱོགས་དང“ཡག་པོ་བཞིའི”སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ནས། ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་དང་། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་མཁན་གྱི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་ཁྱད་ཆོས་ཆེན་པོ་འདི་ཉིད་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། བསམ་བློའི་སྟེང་གི་འགོག་སྲུང་འཛིང་རགས་སྔར་ལས་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་དང་ལས་གཞི་སྦྲེལ་མཐུད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་བཀོད་སྦྲེལ་མཐུད་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་མཛའ་མཐུན་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ཡོང་ཆེད་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཏང་གི་སྲིད་སྐྱོང་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་གཞོལ་རྒྱུའི་ཕུགས་བསམ་བརྟན་སྲུང་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། བཙན་དབང་རིང་ལུགས་དང་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་བཅས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཀྲང་ཧྲི་མཱེ་ཡིས་ཡོ་ནན་རྒྱལ་ཁབ་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་དང་མཛའ་མཐུན་མཉམ་ལས་བྱ་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་གཙོ་བོར་བརྩིས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། “ཡིག་འབྲུ་བཅུ་དྲུག”གི་བྱེད་ཕྱོགས་དང“ཡག་པོ་བཞིའི”དགོངས་དོན་གཞིར་བཟུང་ནས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གཉིས་ཀྱི་མཐོ་རིམ་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་གཏོང་བ། “ཁྱམས་གཉིས་སྐོར་གཅིག”དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འབྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་གཏོང་འདོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་ཡོ་ནན་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་དངོས་ཀྱི་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།