ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་ལ་ཁ་པར་བཏང་།
ལིས་ཆང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་བར་ཁྱམས་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བའི་ལོའང་ཡིན། ཕྱོགས་གཉིས་ཀས་བར་ཁྱམས་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་འཕེལ་བར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་དཔེ་སྟོན་བཟོ་སྐྲུན་བསྐྲུན་དགོས། ཞིང་ལས་དང་གཏེར་ཁ། ཚན་རྩལ། ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྱབ་རྒྱ་གང་མགྱོགས་སྒོས་ཆེ་རུ་བསྐྱེད་དགོས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དངུལ་གཏོང་ལས་ཁུངས་དང་མི་སྣའི་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱེད་རྒྱུའི་རེ་བ་ཡོད་ཅིང་། ཕྱོགས་གཉིས་ཀས་ཕྱོགས་མང་ཁྱབ་ཁོངས་སུ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་རྒྱུན་འཛིན་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱེད་དགོས་ཞེས་གསུངས།
ཞ་པ་ཙི་ཡིས་ཕ་ཁི་སི་ཐན་དང་ཀྲུང་གོ་ནི་སྲོག་སྤུན་ལྟ་བུ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།