ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་འཁྲི་སྒྲུབ་པའི་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་ཐེངས་དང་པོ་བྱས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་སྔ་དྲོའི་འཆད་ཁྲིད་ལ་མགོ་འཛིན་གནང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་འགུལ་ངང་དུས་རབས་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་པར་བྱས་ནས། སྔར་ལས་རང་རྟོགས་དང་རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་སྟེ། དམངས་ཆེན་ལས་དོན་ལ་ཤིན་ཏུ་བྱང་བར་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་འགན་འཁྲི་སྔར་ལས་ལེགས་པའི་སྒོ་ནས་འཁུར་དགོས།
ཀྲའོ་ལི་ཅི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སློབ་སྦྱོང་བྱེད་ནུས་དང་འགན་འཁྲི་སྒྲུབ་ནུས་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་སློབ་སྦྱོང་གི་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་། སློབ་སྦྱོང་གི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། སློབ་སྦྱོང་གི་དུས་རབས་རང་བཞིན་དང་ལག་ལེན་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་ལ་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་པ་དང་ཤེས་བྱའི་ཁྱབ་ཁོངས་རྒྱ་བསྐྱེད་པ། བསམ་གཞིགས་ཀྱི་རིམ་པ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲའོ་ལི་ཅི་ཡིས་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་སྟེ། སྦྱངས་པ་ལག་ལེན་དུ་བསྟར་བ་དང་ལག་བསྟར་གྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། སྦྱངས་བཀོལ་གཉིས་འཕེལ་བཅས་ཡོང་བར་བྱེད་དགོས། སློབ་སྦྱོང་གི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་དད་སེམས་དང་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། དམངས་ཆེན་ལམ་ལུགས་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། སློབ་སྦྱོང་དང་བསམ་གཞིགས་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པ། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ཟུང་འབྲེལ་བཅས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་ལག་ལེན་གསར་གཏོད་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཧུང་ཀྲུང་གིས་ཕྱི་དྲོའི་འཆད་ཁྲིད་ལ་མགོ་འཛིན་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།