ལིས་ཆང་གིས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྣ་ལ་མཇལ་འཕྲད་གནང་།
2023.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་སྣ་ཏིན་ཧུང་སུན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་མཉམ་ལས་བྱས་ནས་ལོ་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོར་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་དེའི་སྟེང་ནས། ཤེས་བྱའི་བདག་དབང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གང་ལེགས་གནང་གིན་པ་མཚོན་ཐུབ། གོ་སྐབས་འདི་དང་བསྟུན་ནས་ཕྱོགས་གཉིས་ཀའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོ་ནི་ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་མ་ལག་སྐྲུན་མཁན་དང་བྱས་རྗེས་གལ་ཆེན་འཇོག་མཁན། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་མཁན་བཅས་ཡིན། ང་ཚོས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་བར་གྱི་མཉམ་ལས་བྱ་བར་ཤུགས་བསྣན་ནས། ཤེས་བྱའི་བདག་དབང་གསར་གཏོད་དང་སྲུང་སྐྱོབ། བེད་སྤྱོད་བཅས་ལ་ཕན་པའི་སྐྱེ་ཁམས་བཟང་པོ་བསྐྲུན་ཆེད་ཀྲུང་གོའི་བློ་གྲོས་ལེགས་པར་འབུལ་འདོད་ཡོད། ཀྲུང་གོས་སྔར་སྲོལ་བཞིན་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཏིན་ཧུང་སུན་གྱིས་འདས་ཟིན་པའི་ལོ་ལྔ་བཅུའི་རིང་ལ། ཀྲུང་གོར་ཤེས་བྱའི་བདག་དབང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཡར་རྒྱས་ཕྱིན་ཡོད། ཀྲུང་གོས་བཏོན་པའི་ཤེས་བྱའི་བདག་དབང་གི་འཐབ་ཇུས་དེ་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།