ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། ལྔ་གཅིག་ངལ་རྩོལ་བྱ་དགའ་གནང་བ་དང་བཟོ་བ་གདོང་ལེན་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་བསྡུས། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་སྟེང་རང་རེའི་ཞིང་ཆེན་གྱི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་རྟགས་མ་ཐོབ་མཁན་གཉིས་དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་བཅུ། རྒྱལ་ཡོངས་ཀྱི་བཟོ་བ་གདོང་ལེན་པའི་མཚན་སྙན་ཐོབ་མཁན་བཅུ་གཅིག ཞིང་ཆེན་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་རྟགས་མ་ཐོབ་མཁན་བཅུ། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་བྱ་དགའ་ཐོབ་མཁན་ཉི་ཤུ། མཚོ་སྔོན་མཐོ་སྒང་གི་བཟོ་བ་གདོང་ལེན་པའི་མཚན་སྙན་ཐོབ་པའི་ཐུན་མོང་དང་མི་སྒེར་བཞི་བཅུ་ལ་གཟེངས་བསྟོད་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་ཚབ་གསུམ་གྱིས་བརྗེ་རེས་གཏམ་བཤད་སྤེལ་བའི་ཞོར་དུ་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མིས་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཏང་ལ་བློ་དཀར་བ་དང་བྱེད་ནུས་མི་དམན་པར་བརྟེན་ནས་བླང་བྱ་གསར་བར་གོམས་པར་བྱས་ནས་དུས་རབས་གསར་བའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བློ་སེམས་གཅིག་ཏུ་ཕྱོགས་ཏེ་ཤེས་བྱ་གསར་བ་འབད་པས་སྦྱོང་བ། བྱེད་ནུས་གསར་བ་བསླབ་ནས་ཤེས་བྱའི་རང་བཞིན་དང་བྱེད་ནུས་རང་བཞིན། གསར་གཏོད་རང་བཞིན་གྱི་སྤུས་ཚད་མཐོ་བའི་ངལ་རྩོལ་བ་བྱེད་དགོས། ངལ་རྩོལ་གསར་གཏོད་ཁྲོད་མི་ཚེའི་ཕུགས་འདུན་མངོན་འགྱུར་དང་མིའི་ཚེ་སྲོག་གི་མཚར་སྡུག་མངོན་པར་བྱེད་དགོས། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གི་ལས་དོན་ལ་བློ་དཀར་བ་དང་ལས་བཟོ་བར་ཞབས་ཞུ་སྒྲུབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་ངཔའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་རྒྱ་ཆེའི་ལས་བཟོ་བས་ཁྱབ་རྒྱ་ཆེས་ཆེ་བའི་ངང་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བྱ་བ་གཙོ་བོར་ཞབས་འདེགས་ཞུ་བ་དང་། ངལ་རྩོལ་དང་བྱེད་ནུས་འགྲན་སྡུར་གཏིང་ཟབ་ཏུ་སྤེལ་ནས་ཐོན་ལས་བཟོ་བའི་རུ་དཔུང་འཛུགས་སྐྲུན་བཅོས་སྒྱུར་ཟབ་མོར་སྤེལ་ནས་རྒྱ་ཆེའི་ལས་བཟོ་བ་རྩ་འཛུགས་དང་སྣེ་ཁྲིད་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།
མི་ཕམ་མགོན་པོས་བསྒྱུར།