ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་ཚེས་ཉེར་དགུ་ཉིན་པེ་ཅིང་ནས་སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་བདེ་འཇགས་ལས་འཛིན་ལྷན་ཚོགས་བཅོས་སྒྱུར་གྱི་སྲིད་གཞུང་བར་གྱི་གྲོས་མོལ་རྐྱེན་སྲོལ་གྱི་ཐུན་མོང་ཀྲུའུ་ཞི། ཁོ་ཝེ་ཐི་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་པཱ་ནའེ་དབྱི་དང་ཨོ་སི་ཁྲུ་རི་ཡའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་མཱ་ཞི་ཁི་གཉིས་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་བཅོས་སྒྱུར་བྱེད་པར་འདྲ་མཉམ་དང་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་ཇེ་ཆེར་གཏོང་དགོས་ལ། རྒྱལ་ཁབ་འབྲིང་ཆུང་སྔར་ལས་མང་བོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཇུས་ཐག་གཅོད་པར་ཞུགས་པའི་གོ་སྐབས་སྤྲོད་དགོས། ལྷག་པར་དུ་ཨ་ཧྥེ་རི་ཁ་གླིང་གི་ལོ་རྒྱུས་ལ་འདྲ་མཉམ་མིན་པའི་ལྟ་ཚུལ་བཟུང་བ་དེ་ཡོ་བསྲང་བྱེད་དགོས། ཐུན་མོང་ཀྲུའུ་ཞིས་ཕྱོགས་སོ་སོས་འགལ་རྐྱེན་སེལ་བ་དང་ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་པར་ཁྲིད་སྟོན་བྱས་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་སྒྱུ་འཕེལ་རིམ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པ་དང་། མཇུག་འབྲས་ཀྱིས་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།
པཱ་ནའེ་དབྱི་དང་མཱ་ཞི་ཁི་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཇེ་ཆེར་གཏོང་བར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་དང་བཅས་པའི་ཁོངས་ཞུགས་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཅེས་བསྟན།