རང་རྒྱལ་གྱི་ལས་རིགས་སློབ་གསོས་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ཐད་རྒྱབ་རྟེན་སྟོབས་ལྡན་འདོན་སྤྲོད་བྱས།
2023.04.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལག་རྩལ་བཟོ་པའི་དཔུང་སྡེ་ནི་ཀྲུང་གོའི་བཟོ་སྐྲུན་དང་གསར་གཏོད་ལས་རིགས་ཀྱི་འདེགས་སྐྱོར་རྨང་གཞི་གལ་ཆེན་ཞིག་ཡིན་པས། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་ལྡན་ཞེས་གསུངས། རང་རྒྱལ་གྱི་ལས་རིགས་སློབ་གསོས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཀྱི་རྣམ་པ་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད།

ལས་རིགས་སློབ་གསོའི་འཚམ་མཐུན་རང་བཞིན་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྗེས་སུ་དམ་པོར་འབྲངས་པ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་ལས་རིགས་སློབ་གསོའི་ཆེད་ལས་གསར་སྒྱུར་བྱེད་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཆེ་གྲས་དགུར་ཁ་ཕྱོགས་ཏེ་དོ་མཉམ་ཆེད་ལས་བཀོད་སྒྲིག་བྱས། ད་ལོ་རྒྱལ་ཡོངས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་ཆེད་ལས་ཚན་ཁག་ཏུ་སྐྱེ་དངོས་ཆ་འཕྲིན་ལག་རྩལ་དང་གྲུ་གཟིངས་ཀྱི་རིག་ནུས་ཚ་ལ་རྒྱག་པའི་ལག་རྩལ་སོགས་ཆེད་ལས་ཉེར་བཞི་སྔར་ལས་ཇེ་མང་དུ་བཏང་བ་དང་། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན། ནུས་ཁུངས་གསར་པ་སོགས་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་ལས་བཀོད་སྒྲིག་བྱེད་ཡུལ་སྟོང་གཅིག་དང་ཉིས་བརྒྱ་བདུན་སྔར་ལས་ཇེ་མང་དུ་བཏང་ཡོད།

མིག་སྔར། རང་རྒྱལ་གྱི་ལས་རིགས་སློབ་གསོར་བཅོས་སྒྱུར་གཏིང་ཟབ་དང་མ་ལག་འཐུས་ཚང་དུ་བཏང་བ་བརྒྱུད། གཞི་ནས་ལོ་རྒྱུས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་། ཆེད་ལས་སྟོང་གཅིག་དང་སུམ་བརྒྱ་གྱ་གཉིས་དང་ཆེད་ལས་ས་ཚིགས་འབུམ་གཅིག་དང་ཁྲི་གཉིས་ལྷག་རྒྱལ་དམངས་དཔལ་འབྱོར་གྱི་ཁྱབ་ཁོངས་སོ་སོའི་ཁྲོད་གཞི་རྩའི་ཆ་ནས་ཁྱབ་པར་བྱས་པ་དང་། ལས་རིགས་སློབ་གསོའི་སྡེ་ཚོགས་སྟོང་གཅིག་དང་ལྔ་བརྒྱ་ལྷག་དང་ཁེ་ལས་ཁྲི་གསུམ་ལྷག་དངོས་སུ་དཔལ་འབྱོར་ཁྱབ་ཁོངས་ཁྲོད་ཞུགས་ཡོད་ལ། སློབ་གྲྭ་དང་ཁེ་ལས་ཀྱིས་དངོས་སྦྱོང་རྟེན་གཞི་ཁྲི་གཉིས་དང་སྟོང་བཞི་དགུ་བརྒྱ་མཉམ་སྐྲུན་བྱས་ཏེ། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་སྔར་ལས་གཏིང་ཟབ་ཏུ་བཏང་ཡོད་ཅིང་། ལས་རིགས་སློབ་གསོའི་བཅའ་ཁྲིམས་ཞེས་པ་དངོས་སུ་ལག་བསྟར་བྱས་པ་དེས། ལག་རྩལ་དང་རྩལ་ནུས་ཕྱོགས་ཀྱི་འཇོན་མིའི་སྤྱི་ཚོགས་ཀྱི་གནས་བབ་དང་ཐོབ་ཐང་ལ་བཅའ་ཁྲིམས་ཀྱིས་འགན་ལེན་ནུས་ལྡན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།