ཞི་ཅིན་ཕིང་གིས “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་འཚམས་འདྲི་གནང་།
2023.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་འཚམས་འདྲི་གནང་བར་མ་ཟད། དུས་ཆེན་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་སྔ་མཐུད་ཕྱི་སྤེལ་གྱི་གནད་འགག་གི་ལོ་ཞིག་ཀྱང་ཡིན། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་གང་ལེགས་གཏོང་བ་དང་། གཞུང་དྲང་ངང་ངལ་རྩོལ་དང་འབད་བརྩོན་ཆེན་པོས་ལས་ཀ་བྱེད་པ། བློ་བརྟན་འགྱུར་མེད་ངང་གསར་གཏོད་དང་གཞན་གྱི་སྔོན་ལ་འབུད་ཕོད་པ། ངལ་རྩོལ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་དུ་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ངལ་རྩོལ་བརྩོན་སེམས་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བྱས་ཏེ། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་རྒྱུ་དང་། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་པར་བརྩི་འཇོག་བྱེད་པའི་ཁོར་ཡུག་བཟང་བོ་ཞིག་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།