ཆིན་ཀང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འབར་མའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཧའེ་ཙིག་ལ་ཐུག་འཕྲད་བྱས།
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཆིན་ཀང་གིས་ཟླ་ལྔ་པའི་ཚེས་གཅིག་ཉིན་པེ་ཅིང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འབར་མའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཧའེ་ཙིག་ལ་ཐུག་འཕྲད་བྱས།

ཆིན་ཀང་གིས་འབར་མའི་གནད་དོན་གྱི་རྒྱབ་ལྗོངས་རྙོག་འཛིང་ཆེ་ཞིང་ཕྱི་ནང་གི་རྒྱུ་རྐྱེན་སྣེ་མང་རྐྱ་འཐབ་པའི་དབང་གིས། “མྱུར་ཕན་གྱི་སྨན”ཞིག་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་བདག་དབང་ལ་བརྩི་འཇོག་བྱས་ནས། འབར་མའི་རྒྱལ་ནང་གི་ཕྱོགས་སོ་སོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ། ཆབ་སྲིད་ཀྱི་ཐད་ནས་གྲོས་མོལ་བྱས་པ་བརྒྱུད་དེ། མི་མཐུན་པའི་ཆ་སེལ་ནས་ཆབ་སྲིད་ཚུལ་སྒྱུར་གྱི་འཕེལ་རིམ་སླར་གསོ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འདུམ་འགྲིག་ལ་བརྩི་འཇོག་བྱས་ནས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི“ཐུན་མོང་གི་ངོས་འཛིན་དོན་ཚན་ལྔ”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནན་མོ་གཏོང་དགོས། གཟབ་ནན་དང་དངོས་གཉེར། འགལ་བ་ཛ་དྲག་ཏུ་མི་འགྲོ་བ་བཅས་བྱས་ཏེ། ཉམས་ཉེན་ཇེ་ཆེར་མི་འགྲོ་བར་བྱེད་དགོས་ཞེས་བཤད།

ཧའེ་ཙིག་གིས་ཀྲུང་གོ་ཕྱོགས་ཀྱིས་འབར་མའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མའི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཐད་ལ་མུ་མཐུད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།