ཆིན་ཀང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་པཱ་ཐིར་ཚི་ཚི་ཀི་དང་གྲོས་མོལ་བྱས།
2023.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཆིན་ཀང་གིས་ཟླ་ལྔ་པའི་ཚེས་གཅིག་ཉིན་པེ་ཅིང་དུ། མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་པཱ་ཐིར་ཚི་ཚི་ཀི་དང་གྲོས་མོལ་བྱས།

ཆིན་ཀང་གིས་ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་དང་རྒྱལ་དམངས་ཀྱི་མཛའ་མཐུན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱེད་པ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གཏེར་ཁ། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཞི་བདེ་མཉམ་གནས་དང་། ཕན་ཚུན་རོགས་རེས། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས།

པཱ་ཐིར་ཚི་ཚི་ཀི་ཡིས་མོང་གོལ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཐའེ་ཝན་དང་ཞང་ཀང་། བོད་ལྗོངས་བཅས་དང་འབྲེལ་བའི་གནད་དོན་ནི། ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པར་ངོས་འཛིན་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ས་ཁུལ་གྱི་དཔེ་མཚོན་དུ་འགྱུར་བར་འབད་རྒྱུ་ཡིན་ཞེས་བསྟན།

ཕྱོགས་གཉིས་ཀས་བྱེ་རྡུལ་འགོག་བཅོས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།