ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 70

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ་ནས་བཟུང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་བཅོས་སྒྲིག་བཅས་འབྲེལ་མཐུད་གང་ལེགས་བྱས་ནས། མཉམ་འདྲེས་ནུས་ལྡན་ཡོང་བར་བྱེད་པ་དང་མཉམ་དུ་སྐུལ་འདེད་གཏོང་བ། བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས།

པེ་ཅིང་སློབ་ཆེན་གྱིས་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་སྤེལ་ནས་མ་རྩོམ་ཀློག་པ་དང་མ་ཡིག་གི་གོ་བ་ལོན་པར་བྱེད་པ། རྩ་བའི་རིགས་པ་ཁོང་དུ་ཆུད་པར་བྱེད་པ། སྣེ་ཁྲིད་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་། ལྟ་སྐོར་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གོ་རིམ་ཆ་ཚང་བ་དང་ཕྱོགས་ཡོངས་ལ་ཁྱབ་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་མ་ཡིག་ལ་ཇི་མ་ཇི་བཞིན་གྱི་སྒོ་ནས་སློབ་སྦྱོང་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་པ། གོ་དོན་མཐིལ་རྟོགས་བཅས་ཀྱི་སློབ་སྦྱོང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཅན་དང་ནང་གནས་ཅན། ཚུལ་སྒྱུར་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་བར་འབད་འབུངས་བྱས། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱིས་རྩ་འཛུགས་བྱས་ཏེ་སློབ་གྲྭའི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་དང་དེ་བཞིན་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཇུས་གཞི་ལེགས་པར་བཟོས་པ་དང་། སློབ་གྲྭའི་ནང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཙུགས་ནས་ལས་འགན་ཁག་སྦྲེལ་མཐུད་མཉམ་འདྲེས་ཡོང་བར་བྱས་པ་དང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམ་པོར་དམིགས་ནས། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁྱད་ལྡན་ཆེད་དོན་བཅུ་དངོས་སུ་བཏོན་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་རྩ་འཛུགས་གང་ལེགས་བྱས།

རྣམ་པ་གསར་གཏོད་ཧུར་ཐག་བྱས་ཏེ། མཐོ་རིམ་སློབ་ཆེན་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་། པེ་ཅིང་དགེ་འོས་སློབ་ཆེན་གྱིས་ཀུན་གྱི་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་དགེ་འོས་རིགས་ཀྱི་མཐོ་རིམ་སློབ་ཆེན་བདུན་དང་མཉམ་དུ། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་མཉམ་འབྲེལ་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་།“ཐོག་མའི་བསམ་འདུན་མ་བརྗེད་པར་འཇོན་མི་གསོ་སྐྱོང་བྱེད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་སློབ་གསོ་གཉེར་བའི”བརྗེ་རེས་ལས་དོན་ལ་དམ་པོར་དམིགས་ཏེ། དུས་རབས་གསར་པའི་དགེ་རྒན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ཇི་ལྟར་བསྐྱོད་རྒྱུར་བགྲོ་གླེང་བྱས།  ཁྲུང་ཆིན་སློབ་ཆེན་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ་ས་གནས་དེ་གའི་གསར་བརྗེ་ཐོན་ཁུངས་སྤྱད་དེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གསར་བརྗེའི་རྗེས་ཤུལ་དང་གསར་བརྗེའི་རྟེན་རྫས་བཤམས་སྟོན་ཁང་། དྲན་གསོ་ཁང་སོགས་ལ་ལྟ་སྐོར་བྱས་ནས། ཕུགས་བསམ་དད་སེམས་དང་ཐོག་མའི་བསམ་འདུན་སྔར་ལས་ཇེ་བརྟན་དུ་བཏང་། ཀྲུང་ནན་སློབ་ཆེན་གྱིས“ཉན་པ་དང་ཁྲིད་པ། སློབ་པ། ལག་བསྟར། སྒྲོག་པ། ལྟ་བ། བཤད་པ”སོགས་ཀྱི་རྣམ་པའི་དཔེ་ཀློག་འཛིན་གྲྭ་གཉེར་ནས། གཞུང་ལུགས་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་།

ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་སློབ་གྲྭའི་ཏང་ཨུ་དང་རིམ་པ་གཉིས་པའི་ཏང་རྩ་འཛུགས། གཞི་རིམ་ཏང་ཀྲི་པུའུ་བཅས་རིམ་གསུམ་མཉམ་འབྲེལ་གྱིས་སློབ་པ་དང་། ཏང་ཡོན་ཚོགས་པ་མི་འདྲ་བར་དམ་དུ་དམིགས་ནས། རྒྱ་ཆེའི་དགེ་སློབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་ནང་སྙིང་གི་དགོས་པ། ལག་ལེན་གྱི་བླང་བྱ་བཅས་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་དེར་གོ་བ་ལེན་པར་ཁྲིད་སྟོན་གང་ལེགས་བྱས། ཧྲན་ཏུང་སློབ་ཆེན་གྱིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཇུས་གཞི་དངོས་སུ་བཏོན་ནས། སྤུས་ཚད་མཐོ་བའི་ངང་ནས་དཔེ་ཀློག་འཛིན་གྲྭ་ཡག་པོ་གཉེར་རྒྱུ་དམ་འཛིན་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་གཙོ་གནད་སློབ་སྦྱོང་། སློབ་སྦྱོང་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པར་གོ་བ་ལེན་པ་བཅས་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱས། ནན་ཁའེ་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་དབང་གྲགས་ལྡན་པའི་སློབ་དེབ་ལ་དམ་པོར་དམིགས་ཏེ། གཟའ་འཁོར་རེར་གཞུང་ལུགས་སློབ་སྦྱོང་བྱེད་པའི་ནང་དོན་དང་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། “མ་རྩོམ་མ་ཡིག་མ་ལག་དང་ལྡན་པའི་སྒོ་ནས་སློབ་པ་དང་གཙོ་གནད་གཅིག་སྡུད་སྒོས་སློབ་པ། ཆེད་དོན་བགྲོ་གླེང་ལ་དམ་པོར་དམིགས་ནས་སློབ་པ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་སྒོས་སློབ་པ། ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་པའི་སྒོ་ནས་སློབ་པ”བཅས་ཀྱི་རྣམ་པར་བརྟེན་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་མཐུན་དང་བསམ་བློའི་མོས་མཐུན། གཞུང་ལུགས་ཀྱི་མོས་མཐུན། བརྩེ་སེམས་ཀྱི་མོས་མཐུན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

གནད་དོན་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱས་ཏེ། མཐོ་རིམ་སློབ་ཆེན་སོ་སོས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར་རྒྱུར་འབད་བརྩོན་བྱས། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱིས་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་དྲུག་དངོས་སུ་བཙུགས་ནས། སྐོར་ཞིབ་མཛུབ་སྟོན་དང་སྐབས་བསྟུན་ཟུར་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་སྦྱོང་གི་ཕན་འབྲས་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོའི་སྤུས་ཚད་ལ་འགན་ལེན་གང་ལེགས་བྱས། ཐུང་ཅི་སློབ་ཆེན་གྱིས་བརྗོད་དོན་སློབ་གསོ་བརྟག་དཔྱད་ཞིབ་འཇུག་གི་ལག་བསྟར་ཇུས་གཞི་དངོས་སུ་བཏོན་ནས། སློབ་གྲྭས་ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་གྱི་གསལ་ཐོ་དང་ལོ་ཧྲིལ་བོའི་གཙོ་གནད་ལས་དོན་སོགས་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། གནས་ཚུལ་ལ་དབྱེ་ཞིབ་དང་གནད་དོན་ལ་ཞིབ་འཇུག དཀའ་གནད་སེལ་བ་བཅས་བྱས། ནན་ཅིང་སློབ་ཆེན་གྱིས་རྩ་འཛུགས་བྱས་ཏེ་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས། སློབ་སྦྱོང་ལ་ཁྲིད་སྟོན་དང་སློབ་སྦྱོང་ལ་སྣེ་ཁྲིད། རང་སྦྱོང་སོགས་ཀྱི་རྣམ་པར་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་གཏིང་ཟབ་བླངས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་སྟོན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས།

སི་ཁྲོན་སློབ་ཆེན་གྱིས་ཕྱོགས་གཅིག་ནས་སློབ་སྦྱོང་དང་ཕྱོགས་གཅིག་ནས་རྟོག་ཞིབ། ཕྱོགས་གཅིག་ནས་འཕེལ་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་དུས་ཐོག་ཏུ་སློབ་སྦྱོང་གི་ནང་སྙིང་དུ་བསྒྱུར་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལོན་པར་བྱས་ནས། གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ལ་བསྒྱུར། ནུབ་བྱང་བཟོ་ལས་སློབ་ཆེན་གྱིས་མ་རྩོམ་བཀླགས་ནས་མ་ཡིག་ལ་སློབ་སྦྱོང་བྱེད་པའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱས་ནས། སློབ་གྲྭའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་བཅུ་གཉིས་དངོས་སུ་བཏོན་ནས། ཐུན་མོང་སློབ་སྦྱོང་དང་བགྲོ་གླེང་ལས་སྒོ་སྤེལ་ཏེ། གཞུང་ལུགས་སློབ་སྦྱོང་གིས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ལ་ཤུགས་བསྣན། ལན་ཀྲིག་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། རང་བརྟེན་ཞིབ་འཇུག་དང་སློབ་སྦྱོང་དམ་འཛིན་ནན་མོ་བྱེད་པ་དང་ཐུན་མོང་བགྲོ་གླེང་དམ་འཛིན། སློབ་སྦྱོང་རྒྱ་སྐྱེད་དམ་འཛིན། སྒྲོག་འགྲེལ་དང་བརྗེ་རེས་གཏིང་ཟབ་བྱ་རྒྱུ་དམ་འཛིན་བཅས་བྱས་པ་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།