འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་ཆིན་ཀང་ལ་ཐུག་འཕྲད་བྱས།
2023.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་གཉིས་ཉིན། འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་འབར་མའི་རྒྱལ་ས་ནེ་པེ་ཏུའུ་རུ་འཚམས་འདྲིར་ཡོང་བའི་ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་ལ་ཐུག་འཕྲད་བྱས།

ཆིན་ཀང་གིས་ཀྲུང་གོ་དང་འབར་མ་ནི་རི་ཆུ་འདབས་འབྲེལ་གྱི་སྤུན་ཟླ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་ཀྲུང་གོ་དང་འབར་མའི་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། འབར་མ་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉི་ཤུ་ལོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་འབར་མར་འཚམས་འདྲི་གནང་བའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་འབར་མའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ཀུན་གྱི་སྔོན་ལ་ལག་བསྟར་བྱས་ནས། ཀྲུང་གོ་དང་འབར་མའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ཆིན་ཀང་གིས་ཀྲུང་གོ་ཕྱོགས་ཀྱིས་འབར་མ་དང་བྷང་ག་ལ་རྒྱལ་ཁབ་བར་གྱི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་དང་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན་པས། རྒྱལ་ཁབ་གཉིས་དང་མཉམ་དུ་ཀྲུང་གོ་དང་འབར་མ་དང་བྷང་ག་ལའི་བར་གྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་བཤད།

མེན་ཨང་ལའེ་ཡིས་འབར་མ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལྷག་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ནས། དེ་བསྟུན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབར་མ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། འབར་མ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ལ། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་འབར་མ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་དངོས་ཡོད་དྲང་གཞག་གི་ལངས་ཕྱོགས་འཛིན་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་དགའ་བསུ་ཞུས་པ་ཡིན། འབར་མ་ཕྱོགས་ཀྱིས་འབར་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།