ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2023.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་ལྔ་པའི་ཚེས་གཉིས་ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཡ་གྲོང་ཁྱེར་དང་ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ཡོན་ལྷན་ཁང་། གཏེར་ལེན་ཁ་གྲོང་ཁྱེར་བཅས་ལ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ཡ་དག་ཅིང་ཆ་ཚང་བར་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་རིས་གསར་བ་འབྲི་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་ལེན་གསར་བའི་ཁྲོད་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས།

ཚྭ་མཚོའི་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ནུས་ཁུངས་ཡུས་ཁ་ཚད་ཡོད་འགན་ལེན་ཀུང་ཟི། མཚོ་སྔོན་ནན་པའོ་རི་ཧྲིན་ནུས་ཁུངས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཀན་ཧྥིན་ལིས་ལས་ཚད་ཡོད་ཀུང་ཟི། ཀྲུང་གོ་ཚྭ་ལས་མཚོ་སྔོན་ཁུ་ནུ་བུལ་ལས་ཚད་ཡོད་འགན་ལེན་ཀུང་ཟི། ཧྭ་གློག་ནུས་ཁུངས་གསར་བའི་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི་བཅས་སུ། ཝུའུ་ཞའོ་ཅུན་བཟོ་གྲྭའི་འཁོར་ཁང་དང་ལས་གཞི་ལག་བསྟར་ཡུལ་དངོས་ལ་སོང་ནས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད། ལས་བཟོ་བར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཁྱད་ལྡན་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་རྐང་འཛུགས་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། གསར་དར་ཐོན་ལས་མྱུར་དུ་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ་དམ་འཛིན་བྱེད་པ། ཐོན་ལས་ཕྲེང་འབྲེལ་དང་གསར་གཏོད་ཕྲེང་འབྲེལ་མཉམ་བསྲེས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ཁུངས་ལེགས་བསྡུས་ཅན་གྱི་བེད་སྤྱོད་འབུར་དུ་ཐོན་པར་བྱས་ཏེ། ལྗང་མདོག་ཐཱན་དམའ་འཁོར་རྒྱུག་གི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ནས། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཕྱོགས་ཡོངས་ནས་ཆེར་བསྐྱེད་དགོས། བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ཏེ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས།

ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞི་དང་ཝུའུ་སུའུ་ཐི་ཆུ་ཐོག་ས་གཤིས་སྤྱི་གླིང་། གཏེར་ལེན་ཁའི་རྨོ་ཞིང་རིག་གནས་རྟེན་མཛོད་གླིང་། མཚོ་སྔོན་ཀྲུང་ཐེན་ཚ་ལ་དང་ལིས་ཀྱི་གཏེར་ལས་ཚད་ཡོད་ཀུང་ཟིའི་ཚྭ་འདམ་མཚེའུ་བེད་མེད་དུ་བསྐྱུར་བའི་གཏེར་དོང་བཅོས་སྐྱོང་ལས་གཞིའི་ཡུལ་དངོས་བཅས་སུ། ཝུའུ་ཞའོ་ཅུན་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་རྗེས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ལ་ལྟ་བའི་མིག་རྒྱ་བཅངས་པ། ཁྱད་ལྡན་ཐོན་ཁུངས་ལ་གཅིག་འདོམས་བྱེད་པ། མཉམ་བསྲེས་མཉམ་འགུལ་ལ་དོ་སྣང་བྱེད་པ། ཚུལ་སྒྱུར་འཕེལ་རྒྱས་འབུར་དུ་ཐོན་པར་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤུས་ལེགས་ཡུལ་སྐོར་ལམ་ཐིག་གསར་སྐྲུན་བྱེད་པ། ཡུལ་སྐོར་ལས་རིགས་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཧ་སག་རིགས་ཀྱི་སྡེ་བ་གཅིག་པུ་སྟེ་མཱ་ཧེ་སྡེ་བ་དང་པིན་ཧྲིན་རྩྭ་ལས་ཚད་ཡོད་ཀུང་ཟི། ཆུ་གསོག་འགག་ཆུ་བེད་ཆུ་འདོན་བཟོ་སྐྲུན་ཡུལ་དངོས་བཅས་ལ་སོང་ནས། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས། ལས་གཞི་འཛུགས་སྐྲུན་འཁོར་རྒྱུག་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་གཙོ་ཐིག་ཏུ་བྱེད་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མི་རིགས་སོ་སོའི་བར་གྱི་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ས་ཞིང་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་རྫས་ཀྱི་དགེ་མཚན་དུ་བསྒྱུར་བ་གཙིགས་སུ་འཛིན་པ་དང་། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ལ་ཤུགས་སྣོན་པ། ཞིང་ལས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ། ཞིང་བར་མཉམ་འབྲེལ་བྱེད་པ་དང་ཞིང་བར་སྣེ་ཁྲིད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཐོ་སྒང་གི་རྩྭ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། ཚྭ་འདམ་གཞོང་གི་བྱེ་འགྱུར་ཅན་གྱི་ས་ཞིང་སྟེང་རེ་བའི་མྱུ་གུ་འབུས་པར་བྱེད་པ་དང་།  ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་གཙོར་འཛིན་པ་དང་བདེ་འཇགས་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། བཟོ་སྐྲུན་འཛུགས་སྐྲུན་ཐད་དོ་དམ་ནན་མོ་བྱེད་པ། བདེ་འཇགས་ཀྱི་སྤུས་ཚད་དམ་འཛིན་བྱེད་པ། འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། བཟོ་སྐྲུན་ཆེན་པོས་སྔ་མོ་ནས་ཕན་འབྲས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།