ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་ངུའི་སློབ་མར་ཡིག་ལན་བསྐུར་ཏེ། རེ་བ་ནན་མོ་བཏོན་པར་མ་ཟད། ལྔ་བཞི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་རྣམས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཡིག་ལན་ནང་དུ་ཚང་མས་སློབ་གྲྭས་བཙུགས་པའི་ཚན་རྩལ་སློབ་གླིང་ཆུང་ངུ་བརྒྱུད་དེ། ཞིང་ཁ་དང་སྡེ་གྲོང་ཁྲོད་གཏིང་ཟབ་དུ་ཞུགས་ནས། གྲོང་གསེབ་དར་སྤེལ་གཏོང་བའི་ཁྲོད་དམངས་འཚོར་ཞབས་འདེགས་ཞུ་བ་དང་རིག་གནས་དར་སྤེལ་གཏོང་བའི་ཐད་ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཁྱོད་ཚོས་འཕྲིན་ཡིག་ནང་དུ་གྲོང་གསེབ་ཀྱི་ཀྲུང་གོའི་ཆེས་གཏིང་ཟབ་སར་སོང་བ་ཡིན་ན་གཞི་ནས་ཅི་ཞིག་ནི་དངོས་ཐོག་བདེན་འཚོལ་ཡིན་པ་དང་གང་འདྲ་བྱས་ནས་མང་ཚོགས་དང་འབྲེལ་བ་བྱེད་དགོས་པ་རྟོགས་ཐུབ་ཅིང་། ན་གཞོན་ཚོས་རང་འགུལ་སྒོས་སྡུག་མྱོང་དགོས”ཞེས་བྲིས་འདུག་ལ། བཤད་པ་དོན་ལ་གནས་པ་ཞིག་རེད། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོར་སྙིང་སྟོབས་དེ་འདྲ་ཅིས་ཀྱང་ཡོད་འོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུ་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་ཡོད་པས། སློབ་གྲོགས་ཚོས་མིག་རྒྱང་རིང་ཞིང་སྦྱོར་བ་ཏན་ཏིག་གིས་སྤེལ་ནས། སློབ་ཁང་ནང་གི་སློབ་སྦྱོང་དང་གྲོང་གསེབ་ཀྱི་ལག་ལེན་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། ཞིང་ལས་ཀྱི་དགའ་ཞེན་ཇེ་དྲག་ཏུ་གཏོང་བ་དང་ཞིང་ལས་དར་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བའི་གར་སྟེགས་ཆེན་པོའི་སྟེང་ནས་བྱས་རྗེས་འཇོག་པ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།