རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་གིས་འབར་མར་འཚམས་འདྲི་བྱེད་པའི་རིང་ལ། འབར་མ་ཕྱོགས་ཀྱིས་དྲ་རྒྱའི་མགོ་སྐོར་ཉེས་གསོག་ལ་རྡུང་རྡེག་དྲག་པོ་གཏོང་དགོས་པའི་བླང་བྱ་བཏོན།
ཆིན་ཀང་གིས་འབར་མའི་མཐའ་མཚམས་ས་ཁུལ་དུ་དུས་ཡུན་རིང་པོའི་ནང་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ཚོགས་པ་གནས་པ་དེས། ཀྲུང་གོའི་སྤྱི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པར་བརྟེན། ཀྲུང་གོའི་མང་ཚོགས་ཀྱིས་སེམས་གཏིང་ནས་དེར་འཁོན་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་རྡུང་རྡེག་དྲག་པོ་གཏོང་རྒྱུའི་སེམས་ཐག་བཅད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མས་བྱེད་ཐབས་ནུས་ལྡན་སྤྱད་དེ། སྡེ་ཁག་སོ་སོའི་བར་མཐུན་སྦྱོར་གང་ལེགས་བྱས་ནས། ཀྲུང་གོ་དང་འབར་མ། ཐེ་གོ་བཅས་ཀྱི་མཉམ་འབྲེལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། ཉེན་ཁའི་གནས་སུ་ལྷུང་བའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དུས་ཐོག་ཏུ་སྐྱོབ་རྒྱུའི་རེ་བ་བཏོན་པ་ཡིན་ཞེས་བཤད།
འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྲིམས་འཛིན་བདེ་འཇགས་སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཐའ་མཚམས་ས་ཁུལ་གྱི་དྲ་རྒྱའི་མགོ་སྐོར་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས། མཐའ་མཚམས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།