ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་ངུའི་སློབ་གྲོགས་ཚོར་ཡིག་ལན་བསྐུར་ཏེ་རེ་བ་ནན་མོ་བཏོན་པར་མ་ཟད། ལྔ་བཞི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་ལན་ནང་གྲོང་གསེབ་དར་སྤེལ་གཏོང་བའི་གར་སྟེགས་ཆེན་པོའི་སྟེང་དུ་བྱས་རྗེས་འཇོག་མཁན་གྱི་རྒྱ་ཆེའི་ན་གཞོན་ཚོར་སྐུལ་ལྕག་གནང་། ཚང་མས་ཕུགས་འདུན་སེམས་སུ་ཉར་ནས་ལས་དོན་ཏན་ཏིག་ངང་སྤེལ་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་པའི་བསམ་པ་བསྟན།
ཉེ་ལམ། ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་ཆུང་ངུའི་སློབ་མའི་འཐུས་མི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཁོ་ཚོའི་གྲུབ་འབྲས་དང་མྱོང་ཚོར་སྙན་འབུལ་ཞུས་ཏེ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིའི་ཡིག་ལན་འབྱོར་བ་ན་ཚན་རྩལ་སློབ་གླིང་ཆུང་ངུའི་སློབ་གྲོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་མ་དང་རེ་བ་དེ་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་རྐང་ཚུགས་པར་བྱེད་པ་དང་ལག་ལེན་གསར་གཏོད་བྱེད་ཕོད་པར་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་གར་སྟེགས་ཆེན་པོའི་སྟེང་དུ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད།
ཉིས་སྟོང་དགུ་ལོར་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ཧོ་པེ་ཞིང་ཆེན་ཆུས་ཀྲོའུ་རྫོང་དུ་ཚན་རྩལ་སློབ་གླིང་ཆུང་ངུ་འཛུགས་རྒྱུར་འཚོལ་ཞིབ་བྱས་ནས། ཞིང་ལས་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་མངགས་ཏེ། ཤེས་བྱ་དང་གཞུང་ལུགས་སློབ་སྦྱོང་གང་ལེགས་བྱས་པའི་རྨང་གཞིའི་སྟེང་དུ། ཞིང་ལས་དང་གྲོང་གསེབ་གོང་སྤེལ་ཁྲོད་ཀྱི་དངོས་ཡོད་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། ཞིང་ལས་ཀྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་གང་ལེགས་ཞུས། དེང་སྐབས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་རྒྱལ་ཡོངས་སུ་ཚན་རྩལ་སློབ་གླིང་ཆུང་ངུ་བརྒྱ་དང་སོ་དགུ་བཙུགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ལན་ནང་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུར་བཀོད་སྒྲིག་གང་ལེགས་བྱས་ཡོད་པས། སློབ་གྲོགས་ཚོས་མིག་རྒྱང་རིང་ལ་ཏན་ཏན་ཏིག་ཏིག་གི་བསམ་སྦྱོར་ལ་བརྟེན་ནས་སློབ་ཁང་ནང་གི་སློབ་སྦྱོང་དང་གྲོང་གསེབ་ཀྱི་ལག་ལེན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཞིང་ལས་ལ་བཅངས་པའི་བརྩེ་སེམས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཞིང་ལས་དར་རྒྱས་གཏོང་བའི་འཇོན་ཐང་སྔར་ལས་ཆེ་རུ་བསྐྱེད་ཐུབ་པའི་རེ་བ་ཡོད་ཅེས་ནན་གྱིས་གསུངས་ཡོད། མིག་སྔར་ཞིང་ལས་ལ་བྲེལ་བ་ཆེ་བའི་དུས་ཚིགས་འདིར། ཧའེ་ནན་གྱི་ཞིང་ལས་དཔེ་སྟོན་རྟེན་གཞི་དང་ཀོས་ཀྲིག་གི་ཁྱད་ལྡན་ཐོན་ལས་གླིང་། སི་ཁྲོན་གྱི་སོན་གསོའི་ཚོད་ལྟ་ཁང་བཅས་སུ་ན་གཞོན་ཚོས་རེ་བའི་ཞིང་ཁ་རུ་ངལ་རྩོལ་གྱི་རྔུལ་ཆུ་གང་སར་གཏོར་ནས། འབད་འཐབ་ཀྱི་ལེའུ་གསར་པ་ཞིག་དངོས་སུ་རྩོམ་བཞིན་ཡོད།
བྱམས་བརྩེའི་ཐུགས་ཁུར་གྱིས་མི་སེམས་ལ་དྲོད་སྐྱིད་སྦྱིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་ལན་དེས་རྒྱལ་ཡོངས་ས་གནས་སོ་སོའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་སའི་སྟེང་དུ་ཁ་རོག་གེར་ལེགས་སྐྱེས་འབུལ་མཁན་གྱི་ན་གཞོན་ཚོར་སྐུལ་མ་ཆེན་པོ་ཐེབས། ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོའི་འགན་འཁྲི་ལག་བསྟར་བྱས་ཏེ། བློ་གྲོས་དང་རྔུལ་ཆུ་ལ་བརྟེན་ནས་སྐྱོད་ལམ་གསར་པའི་སྟེང་དུ་བྱས་རྗེས་ངོ་མཚར་ཅན་གསར་པ་འབད་པས་བསྐྲུན་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།