རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས“ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་ནས་སྐྱོད་ལམ་གསར་པའི་སྟེང་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་ལག་ལེན་བྱེད་སྒོ་སྤེལ།
2023.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

བསྟུད་མུར་ཉིན་འགའི་རིང་ལ། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས“ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་དང་སྐྱོད་ལམ་གསར་པའི་སྟེང་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་ལག་ལེན་བྱེད་སྒོ་སྤེལ།  རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་ཚོས་སློབ་སྦྱོང་དང་ལག་ལེན་བྱེད་པའི་སྐབས་སུ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་མེ་ཏོག་རབ་ཏུ་བཞད་པར་བྱས།

གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་ལྔ་པའི་ཚེས་བཞི་ཉིན་སྤེལ་བའི་ཚོགས་པ་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་བརྗོད་དོན་ཚོགས་པ་ཉིན་མོའི་བྱེད་སྒོའི་སྟེང་དུ། སྐབས་ཉེར་བདུན་པའི“ཀྲུང་གོ་ན་གཞོན་གཟེངས་བསྟོད་རྟགས་མའི”འཐུས་མི་དང་། ཕུལ་བྱུང་ན་གཞོན་ཚོགས་པའི་འཐུས་མི་སོགས་ཀྱིས་རང་ཉིད་ཀྱི་ལས་གནས་སྟེང་རྐང་ཚུགས་པར་བྱས་ཏེ། དུས་རབས་གསར་པར་བྱས་རྗེས་བཞག་པའི་གསོན་ཉམས་དོད་པའི་བྱས་རྗེས་ཞིབ་བརྗོད་བྱས། ཧེ་ལུང་ཅང་དང་ཀོང་ཏུང་། ཧུའུ་ནན་སོགས་སུ་ན་གཞོན་འཆད་ཁྲིད་ཚོགས་པའི་ཁོངས་མི་ད་དུང་སློབ་གྲྭ་དང་། ལས་ཁུངས་དང་ཁེ་ལས། མི་དོན་ལས་ཁུངས་བཅས་སུ་སོང་ནས་ལྟ་སྐོར་དང་ཞིབ་འཇུག་སློབ་སྦྱོང་། གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤེལ་ནས། འབད་འཐབ་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ། རྒྱ་ཆེའི་གུང་གཞོན་ཚོགས་པ་དང་ན་གཞོན་ཚོར་ཏང་གི་གཞུང་ལུགས་གསར་གཏོད་ལ་དད་མོས་བརྟན་པོ་ཡོད་མཁན་དང་དེའི་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱས། ཀྲེ་ཅང་དུ་ས་གནས་དེ་གའི་ན་ཆུང་གཞོན་ནུ་དང་གདོང་ལེན་དཔེ་བཟང་ཅན་གྱིས་མཉམ་དུ་བསམ་བློ་བརྗེ་རེས་བྱས་ནས་དཔེ་བཟང་གི་སྙིང་སྟོབས་ཚོར་གང་ཐུབ་བྱས་ཏེ། ཚོགས་མི་གསར་པས་ལང་ཚོའི་བཅོལ་ཚིག་བྲིས། ཅང་ཞི་རུ་ན་ཆུང་གཞོན་ནུ་རྣམས་ཀྱིས་སྔོན་བྱོན་པ་ཚོའི་ཞབས་རྗེས་དེད་དེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་། ཚོགས་མི་གསར་པས་གཟི་བརྗིད་ལྡན་པའི་ངང་དམ་བཅའ་བཞག་སྟེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། གསར་བརྗེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་སེམས་ཐག་བཅད།

ཧྲན་ཏུང་དང་ཅང་སུའུ། སི་ཁྲོན་སོགས་སུ་རིམ་པ་སོ་སོའི་ཚོགས་པ་རྩ་འཛུགས་ཀྱིས་ད་དུང་གཞོན་ནུའི་སློབ་གསོ་དང་ལས་ཞུགས་ལས་སྐྲུན་སོགས་ལ་དམ་པོར་དམིགས་ཏེ་ཆེད་དོན་རོགས་སྐྱོར་བྱེད་ཐབས་ལག་བསྟར་བྱས་ནས། ན་གཞོན་གྱི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ན་གཞོན་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།