ཆབ་སྲིད་གཤིས་སྤྱོད་སྦྱོང་བརྡར་བྱས་ཏེ་ཆབ་སྲིད་ནུས་ཤུགས་གསུམ་ཇེ་ཆེར་གཏོང་དགོས།
2023.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 78

ཞིན་ཧྭ་གསར་འགྱུར་ཁང་གིས་ཆབ་སྲིད་གཤིས་སྤྱོད་སྦྱོང་བརྡར་བྱས་ཏེ་ཆབ་སྲིད་ནུས་ཤུགས་གསུམ་ཇེ་ཆེར་གཏོང་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད། 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དམིགས་ཡུལ་གལ་ཆེན་ནི། ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་སྦྱོང་བརྡར་ཐད་སློབ་གསོ་གཏོང་བ་དང་ཁྲིད་སྟོན་གང་ལེགས་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་རྒྱུ་དེ་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དེ“སྲུང་སྐྱོང་གཉིས”ཀྱི་ཚད་མཐོའི་རང་རྟོགས་ལ་འགྱུར་བར་བྱེད་པ་དང་། ཏང་གི་དར་ཆ་དེ་དར་ཆ་རུ་བྱེད་པ་དང་ཏང་གི་འདོད་བློ་དེ་འདོད་བློ་རུ་བྱེད་པ། ཏང་གི་ལས་འགན་དེ་ལས་འགན་དུ་བྱེད་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་བྱེད་པ། མར་ཁེ་སི་རིང་ལུགས་ལ་ལྷག་བསམ་ཟོལ་མེད་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། ཏང་ལ་སེམས་ཁྲལ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་ལ་སྲུང་སྐྱོབ་བྱེད་པ། ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་སུ་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་དུ། ཏང་གིས་རྒྱལ་སྲིད་སྐྱོང་བའི་གཞུང་ལུགས་དང་ཐབས་ཇུས་གལ་ཆེན་འདུས་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་སྤྱོད་དང་རིན་ཐང་འཚོལ་སྙེག བསམ་པའི་བྱང་ཚད། སྤྱོད་ཚུལ་སྤྱོད་ལམ་བཅས་ཀྱི་བླང་བྱའང་འདུས་ཡོད། དགོངས་པ་སློབ་སྦྱོང་དང་ལག་ལེན་གྱི་གོ་རྟོགས་སད་ཁྲོད་དུ་བསམ་བློའི་ངར་སྐུལ་དང་བསམ་བློའི་ཉམས་སད་ཐེག་པར་བྱེད་རྒྱུ་དང་། བློ་དཀར་སེམས་དཀར་དང་སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་སྦྱོང་བརྡར་བྱས་ཏེ། དགོངས་པ་འདི་ལ་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ཁྱབ་སྤེལ་ཧུར་ཐག་བྱེད་མཁན། ལག་ལེན་རྣམ་དག་བྱེད་མཁན་བཅས་སུ་འགྱུར་བར་འབད་དགོས། ཏང་ཡོན་ལས་བྱེད་པའི་ངོས་ནས་བཤད་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁོང་དུ་ཆུད་པར་བྱས་པའི་ཚད་དང་གོ་བ་གཏིང་ཟབ་བླངས་པའི་ཚད་ཅི་ཙམ་མཐོ་ན་དེ་ཙམ་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ངེས་ཡིན་ལ། ཆབ་སྲིད་ཀྱི་གཤིས་སྤྱོད་སྔར་ལས་ཇེ་བརྟན་དུ་འགྲོ་བར་མ་ཟད། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་སྔར་ལས་ཇེ་ཆེར་འགྲོ་བ་ལས་གཞན། གནས་བབ་ལ་ཞིབ་ལྟ་དང་འཕེལ་རྒྱས་ལ་འཆར་འགོད། ཉེན་ཁ་འགོག་སེལ་བཅས་ཀྱི་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་འགྲོ་ངེས་ཡིན།

རིགས་པའི་གཞུང་ལུགས་ཀྱི་ངོས་ནས་རིག་པ་གསལ་བོ་ཡིན་ན་གཞི་ནས་ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་ཡོང་ཐུབ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པས་ཡིན་མིན་ཐག་གཅོད་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ་དེ་ཟབ་ཚད་དང་ཐད་ཀར་འབྲེལ་ཡོད་ལ། ཆབ་སྲིད་ལག་བསྟར་གྱི་ནུས་པ་ནི་བདེན་རྫུན་དང་འབྲེལ་བ་ཡོད། བརྗོད་དོན་སློབ་གསོ་སྤེལ་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱས་པའི་ཕན་འབྲས་དེ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་དང་དེ་བཞིན་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་རུ་བསྒྱུར་དགོས་པར་མ་ཟད། རང་ངོས་ཀྱི་ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་ཀྱི་ནུས་པ་རུ་བསྒྱུར་གང་ཐུབ་བྱེད་དགོས། དགོངས་པ་འདི་ལ་སློབ་སྦྱོང་གཏིང་ཟབ་དང་དཔྱིས་ཕྱིན་པ་བྱས་ཏེ། སྤྱིར་བཏང་གི་ལས་དོན་ཁྲོད་ནས་ཆབ་སྲིད་ཀྱི་གནད་དོན་རྙེད་མཁས་བྱེད་པ་དང་། ཕྱོགས་ལྷུང་རང་བཞིན་དང་མགོ་འབུར་ཙམ་གྱི་གནད་དོན་ཁྲོད་ནས་ཆབ་སྲིད་ཀྱི་སྐུད་སྣེ་རྙེད་མཁས་བྱེད་པ། སྣེ་མང་རྙོག་འཛིང་ཆེ་བའི་འགལ་བ་དང་འབྲེལ་བའི་ཁྲོད་ནས་ཆབ་སྲིད་ཀྱི་གཏན་ཚིགས་ཁོང་དུ་ཆུད་མཁས་བཅས་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། དགོངས་པ་གལ་ཆེན་འདི་ལ་བརྟེན་ནས་གནས་བབ་ལ་དབྱེ་ཞིབ་དང་བྱ་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”ཁོང་དུ་གསལ་པོར་ཆུད་པར་བྱེད་པ་དང་། རང་ཉིད་ཀྱི་འགན་འཁྲི་དང་ངེས་གནས་ཁ་གསལ་བཟོ་བ། ཆབ་སྲིད་ཐད་ཀྱི་བསམ་ཤེས་ཅན་དང་སྒྲིག་ཁྲིམས་ཐད་ཀྱི་རིག་པ་གསལ་བོ་ཅན། སྤྱོད་ཚུལ་ཐད་ཀྱི་བདེན་པ་བདེན་ཐུབ་ཅན་བཅས་བྱས་ནས་ཆབ་སྲིད་ཤེས་རྟོག་ཀྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། དགོངས་པ་གལ་ཆེན་འདི་ལ་བརྟེན་ནས་རང་རྟོགས་སྒོས་གཞི་རྩའི་ལྟ་བ་དང་ལག་ལེན་གྱི་བླང་བྱའི་ཚད་གཞི་དང་ཞིབ་བསྡུར་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་ཡོད་ཚད་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་ཡོད་ཚད་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་ཡོད་ཚད་གཏན་ནས་བཀག་སྡོམ་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། རྗེས་སུ་མི་ལུས་པ་དང་ཁ་ཕྱོགས་མ་ནོར་བར་བྱས་ནས་ཆབ་སྲིད་ལ་བསྟར་གྱི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས།

རིགས་པའི་གཞུང་ལུགས་ཐད་ཀྱི་གནད་ཁེལ་འཐུས་ཚང་ནི་ཆབ་སྲིད་ཐད་ཀྱི་གནད་ཁེལ་འཐུས་ཚང་གི་རྨང་གཞི་ཡིན་པ་དང་། ཆབ་སྲིད་ཐད་ཀྱི་ལངས་ཕྱོགས་བརྟན་པོ་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་གསལ་བོ་ལས་བྱུང་བ་ཡིན། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་སྣང་འཇིག་རྟེན་བསྒྱུར་བཀོད་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་ན། ང་ཚོའི་ཏང་འདི་ཉིད་འཐབ་ན་མི་རྒྱལ་བ་མེད་པའི་ངར་ལྕགས་ལྟ་བུ་ཞིག་ཏུ་བསྒྱུར་ཐུབ།

བན་དེ་སྐྱབས་ཀྱིས་བསྒྱུར།