རང་ཞིང་གི་ཁེ་ལས་སོ་སོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.05 ཁུངས། ཀློག་གྲངས། 65

ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་རྗེས། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཚ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི། མཚོ་སྔོན་ཞིང་ཆེན་ནུས་ཁུངས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་བཅས་ཀྱིས་མྱུར་དུ་རྩ་འཛུགས་བཀོད་སྒྲིག་བྱས་ཏེ་སློབ་སྦྱོང་བྱས། ཏང་ཡོན་ལས་བྱེད་རྣམས་སྤྲོ་སེམས་འཁོལ་བའི་ངང་བགྲོ་གླེང་དང་བརྗེ་རེས། བྱ་བའི་ལག་ལེན་བཅས་ལ་ཞུགས། ཚང་མས་གཅིག་གྱུར་སྒོས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་། 

ནུབ་རྒྱུད་གཏེར་ལས་ཀྱིས་བརྗོད་དོན་སློབ་གསོ་དེ་ཀུང་ཟིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་་དང་ཟུང་འབྲེལ་དམ་པོ་བྱས་ནས། ནུས་ཤུགས་ཡོད་རྒུས་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག  འཕེལ་རྒྱས་སྐུལ་འདེད། ཞིབ་བཤེར་དག་ཐེར་བཅས་དང་སྦྲེལ་ནས། ནུས་ལྡན་སྒོས་མཉམ་སྤེལ་དང་གཅིག་གྱུར་སྐུལ་སྤེལ་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚད་འཇལ་བྱེད་ཐུབ་པར་ཁག་ཐེག་བྱས། བརྗོད་དོན་སློབ་གསོ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་ལེན་ཁྲོད་འདྲེས་པར་བྱེད་པ་དང་། ད་ལྟ་སྐུལ་སྤེལ་བྱེད་བཞིན་པའི་བྱ་བ་གཙོ་བོའི་ཁྲོད་དུ་འདྲེས་པར་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ཞིབ་བཤེར་དག་ཐེར། སྒྲིག་ལམ་དང་ལམ་ལུགས་འཛུགས་པ་བཅས་ཀྱི་བྱ་བ་སོ་སོ་གཟབ་ནན་དང་རྣལ་མའི་སྒོ་ནས་དམ་འཛིན་བྱེད་དགོས། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོ་སྤེལ་ནས། བརྗོད་དོན་སློབ་གསོ་ལས་བྱ་བའི་སྤྲོ་སེམས་དང་སྙིང་སྟོབས་བསྐྱེད་པ་དང་་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ནང་གི་རིམ་པ་དང་པོའི་དེང་རབས་ཅན་གྱི་ཁེ་ལས་ཀྱི་གྲུབ་འབྲས་རྩ་གྲ་བསྐྲུན་ཚད་དངོས་སུ་ཇེ་མགྱོགས་སུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུབ་རྒྱུད་གཏེར་ལས་ཀྱིས་སྟོབས་ཤུགས་འབུལ་བར་འབད་བརྩོན་བྱས།

ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཨུས་བརྗོད་དོན་སློབ་གསོ་ཞིབ་ཚགས་དང་གཟབ་ནན་གྱིས་སྤེལ་ཆེད། གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཕྱོགས་ཡོངས་དང་ཟུར་མང་བའི་བརྗོད་དོན་སློབ་གསོ་སྤེལ། ཅཱ་ལུད་ཡན་ལག་ཀུང་ཟིས་ཅཱ་ལུད་ཐོན་སྐྱེད་ཀྱི་དམིགས་ཚད་དང་ལས་འགན་ལ་དམིགས་བཙུགས་ནས། ལམ་ལུགས་གསར་སྐྲུན་དང་དོ་དམ་གསར་སྐྲུན། ཚན་རྩལ་གསར་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས། སྒྲིག་ཆས་ཀྱི་ཐོན་སྐྱེད་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། བརྗོད་དོན་སློབ་གསོར་གྲུབ་འབྲས་ངོ་མ་ཐོབ་པར་ཁག་ཐེག་བྱེད་པའི་དུས་མཚུངས་སུ། ཅཱ་ལུད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ལན་ཁི་ལིས་ལས་མ་རྐང་ཚད་ཡོད་ཀུང་ཟིས་སྡུད་འབྱར་རྫས་གཙོ་བོའི་ནུས་ཚད་མཐོར་འདེགས་སུ་གཏོང་བ་དང་། སྡུད་འབྱར་ལིས་རིགས་བཟོ་ལས་དང་ཐོན་རྫས་གསར་བ་གསར་སྤེལ་བརྒལ་གཏོར་བྱེད་པ་དང་། བརྗོད་དོན་སློབ་གསོ་དང་འདྲེས་པར་བྱས་ཏེ། རྟོག་དཔྱད་ཞིབ་འཇུག་བྱས་པ་དང་། འདུ་ཤེས་གསར་བ་དང་རེ་བ་གསར་བ་དེ་ཇུས་ཆོད་དང་དོ་དམ། ཚོང་གཉེར་བཅས་ཀྱི་ཁྲོད་ལག་ལེན་མཐིལ་ཕྱིན་བྱས་་པ་དང་། ལས་གཞི་སྤྱིའི་ཁྱབ་ཁོངས་དང་ལག་རྩལ་སྒྱུར་བཅོས། ཚན་རྩལ་གསར་སྐྲུན་བཅས་ཀྱི་ཕྱོགས་སུ་དངོས་འབེབས་བྱས། འབྲེལ་ཡོད་ལས་ཁུངས་གཞན་དག་གིས་དཀྱིལ་སྙིང་གི་བྱ་བ་གཙོ་བོར་སྐུལ་སྤེལ་བྱས་ནས། ཕན་ཡོད་ཉམས་མྱོང་དང་གྲུབ་འབྲས་མངོན་གསལ་དེ་རྒྱུན་ཆགས་ཀྱི་ལམ་ལུགས་སུ་བསྒྱུར་ནས། བརྗོད་དོན་སློབ་གསོའི་ཤན་ཤུགས་ཇེ་ཆེར་བཏང་། 

མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཀུང་ཟིས་སློབ་སྦྱོང་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གཤིས་གསོ་སྦྱོང་ཇེ་དྲག་ཏུ་བཏང་ལ། བརྟག་དཔྱད་ཞིབ་འཇུག་གིས་དཀའ་གནད་སེལ་བ་དང་། གནད་དོན་ཞིབ་བཤེར་ལས་དག་ཐེར་ལེགས་བཅོས་དངོས་འབེབ་ལ་ཤུགས་བསྣན་ནས། ལམ་ལུགས་དང་སྒྲིག་ལམ་འཛུགས་པའི་གྲུབ་འབྲས་དང་སྤྱོད་ཚུལ་སྒྱུར་བའི་གྲུབ་འབྲས་དེ་བྱ་བའི་འགན་ནུས་སུ་བསྒྱུར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བའི་ཁེ་ལས་གཙོ་བོ་བསྐྲུན་པ་དང་བརྗོད་དོན་སློབ་གསོ་གཉིས་མཉམ་དུ་སྦྲེལ་བར་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྗོད་དོན་སློབ་གསོ་ཟུང་འབྲེལ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་དེ་ཐོན་སྐྱེད་ཚོང་གཉེར་བྱེད་པ་དང་དཔྱིད་ཀའི་རྨོ་འདེབས་བྱེད་པའི་དལ་འགོར་མི་བྱེད་པ་གཉིས་དང་སྐུལ་འདེད་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དག་སྲུང་གསར་གཏོད་ཀྱིས་བརྗོད་དོན་སློབ་གསོ་དེ་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་དང་། རྨོ་ཞིང་དང་རྩྭ་རའི་ཁྲོད་དུ་བསྐྱལ་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་རྣམས་ལ་ཆབ་སྲིད་ཀྱི་དད་འདུན་ཇེ་བརྟན་དང་། དངོས་གཉེར་གྱི་སྙིང་སྟོབས་ཇེ་དྲག  བྱ་བའི་རྩལ་ནུས་མཐོར་འདེགས་སུ་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས། ཞན་ཆ་གསབ་པ་དང་། མི་འདང་ས་བསྒྱུར་བ། ལེགས་ཆ་ཇེ་བརྟན་དུ་གཏོང་བ། དགེ་མཚན་དར་སྤེལ་བཅས་བྱེད་པར་ཤུགས་བསྣན་ནས། བརྗོད་དོན་སློབ་གསོའི་ཕན་འབྲས་དེ་ཞིང་ཕྱུགས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་ངོ་མར་བསྒྱུར་བར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ནུས་ཁུངས་སྡེ་ཚོགས་ཀྱིས་ཏང་འཛུགས་དང་ཐོན་སྐྱེད་ཚོང་གཉེར་གཉིས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་དམ་འཛིན་བྱས་ཏེ། ཀུང་ཟིའི་བདེ་འཇགས་ཐོན་སྐྱེད་ཀྱི་གྲལ་བཤེར་ཆེན་མོ་དང་། དག་ཐེར་ལེགས་བཅོས་ཆེན་མོ། ཐོན་སྐྱེད་ཚོང་གཉེར་བཅས་ཀྱི་རྫོགས་ལྡན་དུས་ཚིགས་བཞིའི་བྱ་འགུལ་དང་ཟུང་འབྲེལ་བྱས་པ་དང་། སྔོན་དུས་སུ་ལེགས་འགྲུབ་བྱས་པའི་དཔྱད་གཞི་བཅོ་བརྒྱད་ཀྱི་བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་སྟེང་དུ། མུ་མཐུད་བརྟག་དཔྱད་ཞིབ་འཇུག་བྱས་ནས། ཀུང་ཟིའི་བདེ་འཇགས་ཐོན་སྐྱེད་དང་ཚོང་གཉེར་དོ་དམ། བཅོས་སྒྱུར་འཕེལ་རྒྱས་བཅས་ཀྱི་ཞན་ས་དང་མི་འདང་ས་འཚོལ་ཞིབ་ནན་མོ་བྱས་ནས། འཐབ་རྩོད་སྙིང་སྟོབས་དང་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱས་ནས། དག་ཐེར་ལེགས་བཅོས་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ། ཀུང་ཟིའི་གནས་གསུམ་གཞི་གཅིག་གི་ལྟ་སྐུལ་མ་ལག་བཅུ་འཛུགས་སྐྲུན་བྱེད་པ་དེ་འགན་སྲུང་དུ་བརྩིས་ནས། རིན་ཐང་གསར་སྐྲུན་ལོའི་ལོ་ཧྲིལ་བོའི་བྱ་བའི་གྲོས་ཚོགས་ལས་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་དང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དམིགས་འཛུགས་བདུན་དང་ཚད་བསྡུར་བརྒྱད་ཀྱི་བཅོས་སྒྱུར་གྱི་ལས་འགན་གསར་བ་ཇེ་ཞིབ་ཏུ་བཏང་ནས། བདེ་འཇགས་ཕྱོགས་ནས་བཞི་མེད་གཉིས་འགྲིབ་གཅིག་འཕར་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། ལས་བཟོ་བར་དོན་དངོས་སྒྲུབ་སྟེ། སྡེ་ཚོགས་ཀུང་ཟིའི་བཅོས་སྒྱར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པར་འབད་བརྩོན་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།