ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་བཞི་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་གིས་རྒྱ་གར་གྱི་གོ་ཨ་རུ་སྨན་པ་ཁི་ཏིས་ཧྭ་ཡི་གཉེན་ཉེ་དང་རྒྱ་གར་དང་ཀྲུང་གོའི་མཛའ་མཐུན་རྩ་འཛུགས། ཀྲུང་གོ་དང་རྒྱ་གར་གྱི་ན་གཞོན་འཐུས་མི་བཅས་ལ་ཐུག་འཕྲད་བྱས།
ཆིན་ཀང་གིས་སྨན་པ་ཁི་ཏིས་ཧྭ་ཡི་གཉེན་ཉེ་དང་མཉམ་དུ་སྨན་པ་ཁི་ཏིས་ཧྭ་ཡི་སྐུ་ཚེ་ཧྲིལ་པོའི་པར་རིས་འགྲེམས་སྟོན་ལ་བལྟས། ཆིན་ཀང་གིས་སྨན་པ་ཁི་ཏིས་ཧྭ་ནི་ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གྱི་གྲོགས་པོ་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཕུལ་བྱུང་འཐབ་འཛིང་པ་ཞིག་ཡིན་པས། རང་ཉིད་ཀྱི་ཆེས་རྩ་ཆེ་བའི་ལང་ཚོ་དང་ཚེ་སྲོག་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་ཆེད་དུ་བློས་བཏང་། སྨན་པ་ཁི་ཏིས་ཧྭ་ཡི་སྙིང་སྟོབས་ནི་སྲོག་སྐྱོབ་རྨས་གསོའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ཤིག་དང་། འཐབ་རྩོད་བྱེད་ཕོད་པ་དང་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་ཤིག་ཡིན་པར་མ་ཟད། ཞི་བདེ་དང་མཛའ་མཐུན་ལ་བརྩི་མཐོང་དང་ལས་སྐལ་གཅིག་མཐུན་དར་སྤེལ་བྱེད་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན་ཞེས་བཤད།
ཆིན་ཀང་གིས་ང་ཚོས་སྨན་པ་ཁི་ཏིས་ཧྭ་ཡི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོ་དང་རྒྱ་གར་གྱི་ཞི་བདེ་མཛའ་མཐུན་སྲུང་སྐྱོབ་བྱེད་མཁན་ཞིག་བྱེད་རྒྱུ་དང་། དམངས་ཁྲོད་ཀྱི་མཛའ་མཐུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་དང་རྒྱ་གར་གྱི་མི་དམངས་དུང་ཕྱུར་བཅུ་བཞིའི་བར་གྱི་འབྲེལ་གཏུག་དང་བརྗེ་རེས་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བ། ཁྱིམ་མཚེས་རྒྱལ་ཁབ་ཆེན་པོའི་ཞི་བདེ་མཉམ་གནས་དང་མཛའ་མཐུན་མཉམ་གནས། ཐུན་མོང་དར་རྒྱས་བཅས་ཀྱི་བགྲོད་ལམ་འཚོལ་ཞིབ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་རྒྱ་གར་གྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་བྱས་ནས། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་དགོས། དེ་རིང་ནི་ཀྲུང་གོའི་ལྔ་བཞིའི་ན་གཞོན་དུས་ཆེན་ཡིན་ཞིང་། ཀྲུང་གོ་དང་རྒྱ་གར་གྱི་གཞོན་ནུ་རྣམས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ཡིན་པའི་ཆ་ནས། རྒྱལ་ཁབ་གཉིས་ཀའི་མི་ཆོས་རིག་གནས་བརྗེ་རེས་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་རྒྱ་གར་གྱི་མཛའ་མཐུན་རྒྱུན་མཐུད་ཡོང་བར་བྱེད་དགོས་ཞེས་གསུངས།
སྨན་པ་ཁི་ཏིས་ཧྭ་ཡི་གཉེན་ཉེ་དང་རྒྱ་གར་དང་ཀྲུང་གོའི་མཛའ་མཐུན་རྩ་འཛུགས། རྒྱལ་ཁབ་གཉིས་ཀའི་ན་གཞོན་འཐུས་མི་བཅས་ཀྱིས་སྨན་པ་ཁི་ཏིས་ཧྭ་ཡི་སྙིང་སྟོབས་ཀྱིས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་མཚོན་པ་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུས་ནམ་ཡང་ཉམས་པ་མེད། སྨན་པ་ཁི་ཏིས་ཧྭ་ཡི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རྒྱ་གར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།